ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༠༧ ཉིན། བཞུགས་སྒར་དྷ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཚོགས་པ་གསུམ་གྱི་མི་མང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར། ༸གོང་ས་མཆོག་གིས་སྐྱེས་བོ་ཁྲི་ཕྲག་མང་པོས་ངོས་ལ་དགའ་བོ་བྱས་ནས་ཐུག་འཕྲད་བྱེད་དུ་ཡོང་གི་འདུག ཏཱ་ལའི་བླ་མ་ཞེས་ངོས་ལ་དགའ་བོ་ཞེ་དྲག་བྱེད་ཀྱི་འདུག ངོས་ཚེ་ཇི་ཙམ་རིང་བ་བསྡད་ན་དེ་ཙམ་ཕན་ཐོགས་ཡོང་གི་ཡོད་པའི་སེམས་ལ་སྤོབས་པ་དང་གདེང་ཚོད་སྐྱེད་ཀྱི་འདུག དེར་བརྟེན། ངོས་རང་ད་དུང་ཡང་ལོ་བཅུ་གྲངས་ཁ་ཤས་ལ་བསྟན་པའི་ཞབས་འདེགས་སྒྲུབ་ཐུབ་རྒྱུར་ཚོད་ཐིག་གི་འདུག ཅེས་བཀའ་སྩལ་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༨་ཙམ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ཆིབས་བསྒྱུར་བསྐྱངས་གནང་སོང་། སྐབས་དེར་བལ་ཡུལ་ཤང་དགའ་ལྡན་ཆོས་འཁོར་གླིང་དང་། ཆ་ཕྲེང་མི་མང་ཚོགས་ཁག་ཅིག ཕག་རི་མི་མང་བཅས་ཀྱི་སྐུ་ཚབ་རྣམ་པས་སྣེ་ཁྲིད་བྱས་སོང་། བརྟན་བཞུགས་འབུལ་མཁན་ཚོགས་པ་ཁག་གི་ཚོགས་མི་དང་སྐུ་ཚབ་གྲངས་༣༠༠ ལྷག་གཙོས་པའི་དྷ་ས་ཁུལ་གྱི་བོད་མི་དང་ཕྱི་རྒྱལ་བ་སྟོང་ཕྲག་འགའ་འཛོམས་འདུག
བརྟན་བཞུགས་ཀྱི་ཆོ་ག་ཚར་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བསྩལ་དོན། དེ་རིང་བལ་ཡུལ་ཤང་དགའ་ལྡན་ཆོས་འཁོར་གླིང་དང་། ཆ་ཕྲེང་མི་མང་ཚོགས་ཁག་ཅིག ཕག་རི་མི་མང་བཅས་ནས་ངོས་ལ་བརྟན་བཞུགས་ཕུལ་བ་རེད། ཚང་མ་དངོས་གནས་དྲང་གནས་སེམས་ཤུགས་རྩེ་གཅིག་ཏུ་ཡོད་པ་གསལ་པོ་ཞེ་དྲག་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་ཆ་བཞག་ན་སྐུ་འབུམ་ནས་སྐྱེས་དེ་ནས་ལྷ་སར་ཕེབས། དེ་ནས་བཙན་བྱོལ་བ་ཆགས་པ་རེད། ༸རྒྱལ་དབང་གི་མཚན་ཐོབ་པ་ནས་སྤྱིར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེ་བྱས་པ་རེད། སྐྱེས་བོ་ཁྲི་ཕྲག་མང་པོ་ངོས་ལ་དགའ་བོ་བྱས་ནས་ཐུག་འཕྲད་བྱེད་དུ་ཡོང་གི་འདུག ཏཱ་ལའི་བླ་མ་ཞེས་ངོས་ལ་དགའ་བོ་ཞེ་དྲག་བྱེད་ཀྱི་འདུག ངོས་ཚེ་ཇི་ཙམ་རིང་བ་བྱུང་ན་དེ་ཙམ་ཕན་ཐོགས་ཡོང་གི་ཡོད་པའི་སེམས་ལ་སྤོབས་པ་དང་གདེང་ཚོད་སྐྱེད་ཀྱི་འདུག དེར་བརྟེན། ངོས་རང་ད་དུང་ཡང་ལོ་བཅུ་གྲངས་ཁ་ཤས་ལ་བསྟན་པའི་ཞབས་འདེགས་སྒྲུབ་ཐུབ་རྒྱུར་ཚོད་ཐིག་གི་འདུག ཅེས་བཀའ་སྩལ་སོང་།