ཕྱི་ལོ་༢༠༢༥ ཟླ་༧ ཚེས་༢༡ ཉིན་སྤེལ། ཉེ་ཆར་རྒྱ་དམར་གཞུང་གིས་བོད་མདོ་སྨད་རྔ་བ་ནས་ཡིན་པའི་གླུ་བ་ཨ་སངས་ལགས་འཛིན་བཟུང་བཙན་ཁྲིད་བྱས་ནས་བདུན་ཕྲག་གཉིས་ལྷག་ཕྱིན་ཡོད་ཀྱང་གར་སོང་ཆ་མེད་དུ་གྱུར་ཡོད་འདུག ཁོང་དང་ཁོང་གི་གྲོགས་པོ་གཉིས་ཀྱིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་སྐབས་དྲ་ཐོག་ནས་ཞི་བདེའི་རྒྱལ་སྲས་ཞེས་པའི་༸གོང་ས་མཆོག་ལ་བསྟོད་གླུ་ཞིག་བླངས་རྗེས་ཁོང་འཛིན་བཟུང་བྱས་ཡོད་འདུག
དེ་ཡང་། འདི་ལོའི་ཟླ་༦་པའི་ཚེས་༣༠ ཉིན། སྐུའི་གོ་སྟོན་དང་བསྟུན་བོད་མདོ་སྨད་རྔ་བ་རྫོང་བར་མ་ཡུལ་ཚོའི་ཀ་ཤུལ་ནས་ཡིན་པའི་གླུ་བ་ཨ་སངས་དང་ཁོང་གི་གྲོགས་པོ་དཔལ་སྐྱོང་གཉིས་ཀྱིས་སྤྱི་ནོར་༸གོང་ས་མཆོག་ལ་ཞི་བདེའི་རྒྱལ་སྲས་ཞེས་པའིབསྟོད་གླུ་ཤིག་ཕུལ་པའི་བརྙན་ཞིག་དྲ་ཐོག་ནས་ཐོན་འདུག འོན་ཀྱང་། དེའི་རྗེས་ཁོང་འཛིན་བཟུང་བྱས་ཡོད་འདུག ད་ལྟར་ཁོང་གང་དུ་བཀག་ཉར་བྱེད་ཡོད་མེད་དང་གནས་སྟངས་ག་འདྲ་ཡོད་མེད་གསལ་ཁ་བྱུང་མི་འདུག
འཛམ་གླིང་གང་སར་བོད་མི་གཙོས་པའི་ནང་པ་དང་༸གོང་ས་མཆོག་རྗེས་འཇུག་པ་རྣམས་ཀྱིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ པའི་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་བྱས་དང་བྱེད་མུས་སྐབས་སུ། རྒྱ་དམར་གཞུང་གིས་འདི་ལོའི་ཕྱི་ཟླ་༦་དང་༧་ནང་བོད་མདོ་དབུས་ཁམས་གསུམ་སུ་དམག་མི་དང་ཉེན་རྟོག་པ། དྲག་ཆས་དམག་མི་སོགས་བཏང་ནས་བོད་མི་ནང་སྔ་ལས་ལྷག་པའི་དམ་བསྒྲགས་ཤུགས་ཆེན་བྱས་དང་བྱེད་འདུག
དེར་བརྟེན། བོད་མི་ཚོས་༸གོང་ས་མཆོག་གི་འཁྲུངས་སྐར་དང་འབྲེལ་བའི་ལས་དོན་གང་བརྩམས་ཀྱང་། འཛིན་བཟུང་དང་བཀག་ཉར་བྱེད་པའི་ཉེན་ཁ་ནང་ལྷུང་ཡོད། འོན་ཀྱང་བོད་མི་ཚོས་ཉེན་ཁ་དེ་ཚོས་འཛེམ་མེད་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད། གླུ་བ་ཨ་སངས་དང་ཁོང་གི་གྲོགས་པོ་དཔལ་སྐྱོང་གཉིས་ཀྱིས་དངོས་སུ་དྲ་ཐོག་ནས་སྤྱི་ནོར་༸གོང་ས་མཆོག་ལ་ཞི་བདེའི་རྒྱལ་སྲས་ཞེས་པའིབསྟོད་གླུ་ཤིག་ཕུལ་འདུག
དེའི་དབང་གིས་གླུ་བ་ཨ་སངས་ལགས་རྒྱ་དམར་གཞུང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། ཁོང་འཛིན་བཟུང་བྱས་བདུན་ཕྲག་གཉིས་སོང་ཡོད་ཀྱང་གང་སོང་ཆར་མེད་དུ་གྱུར་ཡོད་འདུག ཤུལ་དུ་ཁོང་གི་ཆུང་མ་དང་བུ་ཆུང་ཞིག་ལྷག་ཡོད་འདུག
ཞི་བདེའི་རྒྱལ་སྲས་ཀྱི་གཞས་ཚིག་རྩོམ་མཁན་ནི་ཨ་རིག་མཆོད་རྟེན་ཐར་ཡིན་པ་དང་། གཞས་དེ་ཕྱི་ལོ་༢༠༠༦་ལོར་བོད་ཀྱི་གླུ་བ་ཤེར་རྟེན་ལགས་ཀྱིས་བཏང་ཡོད་འདུག རྗེས་སུ་གཞས་ཚིག་རྩོམ་མཁན་ནི་ཨ་རིག་མཆོད་རྟེན་ཐར་འཛིན་བཟུང་བྱས་ཡོད་འདུག
ཞི་བདེའི་རྒྱལ་སྲས་ཀྱི་གཞས་ཚིག་ནི། ལང་ཚོ་ཨ་མདོ་ནས་འཁྲུངས་ཀྱང་། ། ཞབས་རྗེས་དབུས་གཙང་ལ་བཀོད་ཡོད། ། མཛད་འཕྲིན་འཕགས་ཡུལ་ནས་རྒྱས་པའི། ། ཞི་བདེའི་རྒྱལ་སྲས་ཁྱེད་དྲན་གི ། གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ། ། སྟག་གཟིག་ཝ་སྲམ་གྱི་ཤོམ་ལྭ། ། ཆོས་ལྡན་མོ་རིགས་འདིར་མི་མཛའ། ། གསུངས་བའི་བཀའ་སློབ་ཡང་དྲན་གི ། ནང་མི་མཐུན་སྒྲིལ་གྱི་ངང་ནས། ། སྲོལ་དང་སྐད་ཡིག་དེ་བསྐྱང་ན། ། མི་རིང་རེ་འདུན་གྱི་ཉི་འོད། ། ཤར་ཡོང་གསུངས་བ་དེ་དྲན་གི ། ཁྱེད་ནི་མགོ་ཐོག་གི་ཉི་མ། ། ཁྱེད་ནི་སེམས་ནང་གི་ཕ་མ། ། ཁྱེད་ནི་བྱམས་ལྡན་གྱི་བླ་མ། ། ཁྱེད་ཉིད་བརྗེད་ཐབས་ཤིག་མི་འདུག