03
Wed, Dec
5 རྩོམ་གསར།

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་རྒྱ་གཞུང་གིས་ཉེས་མེད་ཉེས་འཛུགས་བྱས་ནས་སྐུ་དཀྲོངས་པ་རེད་ཅེས་བརྗོད་སོང་།

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་བོད་ནང་དུ་ནང་དོན་རིག་སྐོར་གསུང་ཆོས་ཤིག་གི་སྐབས་སྐུ་པར། པར་རིས་བདག་དབང༌། རྒྱལ་སྤྱིའི་བོད་ཆ་འཕྲིན་གསར་ཁང༌།

བོད་ཡུལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ ཟླ་༤ ཚེས་༥ ཉིན། བཞུགས་སྒར་རྡ་རམ་སའི་ནོར་བུ་གསོལ་མགྲོན་ཁང་དུ། བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གཙོས་པའི་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སློབ་མ་སོགས་ཀྱིས་ཁོང་ནི་རྒྱ་གཞུང་གིས་ཉེས་མེད་ཉེས་འཛུགས་ཀྱིས་སྐུ་དཀྲོངས་པ་རེད་ཅེས་དང་། ཝི་ཏི་ནམ་(Vietnam) སྲིད་གཞུང་ནས་རིན་པོ་ཆེ་མཆོག་གི་གྲོངས་རྐྱེན་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་བརྟག་དཔྱད་ཞིབ་འཇུག་ནན་ཞིབ་ཡོང་བའི་འབོད་སྐུལ་ནན་ཏན་ཞུས་སོང་། གལ་སྲིད་དེ་ལྟར་གསལ་ཁ་མ་གནང་ན་ཁོང་ཚོས་མུ་མཐུད་ནས་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

སྤྲུལ་སྐུ་ཧཱུཾ་ཀར་རྡོ་རྗེ་མཆོག་ནི། བོད་ཀྱི་སློབ་གསོ་བ་དང༌། རྩོམ་པ་པོ། ལོ་ཙཱ་བ། ལྟ་གྲུབ་སྨྲ་བ། རི་མོ་བ། ཡིག་གཟུགས་སྒྱུ་རྩལ་པ་སྟེ། ཕྱི་ནང་གི་རིག་གནས་ཀུན་ལ་གཟིགས་པ་ཡངས་ཤིང་། བོད་བསྟན་སྲིད་མི་རིགས་བཅས་ལ་མཛད་རྗེས་ཆེ་བའི་སྐྱེས་ཆེན་ཞིག་ཡིན་འདུག ཕྱི་ལོ་ ༡༩༨༩ ལོར་རྒྱ་གར་དུ་ཕེབས་ཏེ་༧གོང་ས་སྐྱབས་མགོན་ཆེན་པོའི་མདུན་ནས་བསྙེན་པར་རྫོགས་ཤིང༌། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གཙོས་དབང་ལུང་མན་ངག་མང་པོ་གསན། ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་བྱས་ཤིང་གཞུང་ཆེན་ཁག་ལ་གསན་བསམ་སློབ་གཉེར་མཛད་རྗེས། ཕྱིར་བོད་དུ་ཕེབས་ཏེ་མུ་མཐུད་ནས་བོད་ནང་གི་འབྲས་སྤུངས་དགོན་པའི་ནང་སློབ་གཉེར་གྱི་འཕྲོ་བསྐྱངས་ཡོད་འདུག དེ་ནས་ཨ་རིའི་རྒྱལ་སྤྱིའི་སྐད་ཡིག་སློབ་ཆེན། ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་། པེ་ཅིང་མཐོ་སློབ་ཀྱི་མཚན་ཉིད་རིག་པའི་སྡེ་ཚན་སོགས་སུ་སློབ་གཉེར་ཡོད་འདུག ཕྱི་ལོ་༢༠༠༧ ལོར་མགོ་ལོག་ཁུལ་སྲིད་གཞུང་དང་སློབ་གསོ་ལྷན་ཁང་གིས་ཆོག་མཆན་ལྟར་ཧཱུཾ་ཀར་རྡོ་རྗེའི་མི་རིགས་ལས་རིགས་ལག་རྩལ་མཐོ་འབྲིང་སློབ་གྲྭ་བཙུགས་གནང་ཡོད་པ་མ་ཟད་། སློབ་མ་ཆིག་སྟོང་ལྷག་ལ་སློབ་ཡོན་མི་དགོས་པའི་སློབ་གསོ་སྤྲད་ཡོད་འདུག དེ་ནས་ཧཱུཾ་ཀར་བྱམས་བརྩེའི་སྨན་ཁང་བདུད་རྩིའི་ཕུག་པ་དང་། དགོན་པར་ལེགས་བཤད་ལྡེ་མིག་དཔེ་མཛོད་ཁང་གསར་འཛུགས་གནང་བ་སོགས་གནང་ཡོད་འདུག

གཞན་ཡང་ཨ་རི་དང༌། ཁེ་ན་ཌ། ཝི་ཏི་ནམ། ར་ཤི་ཡ། རྒྱ་ཡུལ་སོགས་ཀྱི་ཆོས་ཚོགས་མང་པོར་ནང་ཆོས་འཆད་སྤེལ་གནང་བཞིན་པ་དང༌། སློབ་ཚོགས་ཀྱང་ཧ་ཅང་མང་པོ་ཡོད་འདུག དེ་བཞིན་དབུ་མའི་སྟོང་ཐུན་དང་། ཕུན་སུམ་ཚོགས་པའི་མིའི་རང་བཞིན་ལེགས་པར་བཤད་པ་སོགས་དཔེ་དེབ་ཉི་ཤུ་ལྷག་གསར་རྩོམ་མཛད་ནས་འགྲེམ་སྤེལ་གནང༌་ཡོད་འདུག ལུང་སྔོན་དགོན་གྱི་གྲྭ་ཚང་ཁག་བཞི་དང་། ཉེ་འཁོར་གྱི་རྒན་ཁོག་དང་། དབུལ་བོ། ནད་པ་ཁྲི་ཕྲག་དུ་མར་ལོ་རེར་སྒོར་མོ་དང༌། ཟས་གོས་སྨན་སྦྱིན་སོགས་ཆད་མེད་དུ་གནང༌ཡོད་འདུག དེ་མིན་སྤྱི་ཚོགས་བདེ་འཇགས་དང༌། ཁོར་ཡུག་སྲུང་སྐྱོབ། མི་རིགས་སློབ་གསོ་སོགས་གནང་ཡོད་འདུག

ཕྱི་ལོ་༢༠༢༤་ལོར་རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་བཙན་དབང་གིས་དགོན་འདིར་གདན་འདྲེན་བྱེད་བཅུག་སྐབས་དམར་གཞུང་གི་འདོད་པ་བཞིན་སྣེ་ལེན་བྱས་མེད་པས་རྐྱེན་གྱིས་རྙོག་གླེང་སྣ་མང་བཟོས་པ་དང༌། ༧གོང་ས་༧སྐྱབས་མགོན་ཆེན་པོའི་ཞབས་བརྟན་ལྗགས་རྩོམ་གནང་བ་ལ་བསྙད་ནས་ ༢༠༢༤ ལོའི་ཟླ་ ༨ པའི་ནང་མཚོ་སྔོན་ཞིང་ཆེན་གྱི་ཉེན་རྟོག་ཚན་པའི་མཐོ་རིམ་འགོ་ཁྲིད་འགའ་ཡོང་ནས་འདྲི་རྩད་མང་པོ་བྱས་ཤིང་མཛུབ་ཐེལ་མནན་བཅུག་ཡོད་པ་དང་། མགོ་ལོག་གི་སློབ་གྲྭའི་སློབ་གསོའི་ཕྱག་ལས་ཐད་རྒྱ་གཞུང་གི་འདོད་པ་ལྟར་ལག་བསྟར་མ་བྱས་པ་སོགས་སུན་བཙེར་བཟོས་་ཡོད་འདུག ཕྱི་ལོ་ ༢༠༢༤ ལོའི་ཟླ་༩ པའི་མཇུག་ཙམ་ནས་གར་སོང་ཆ་མེད་དུ་གྱུར་ནས་སློབ་ཚོགས་དག་གི་གཙོས་བོད་ཕྱི་ནང་གི་འབྲེལ་ཡོད་མང་པོས་བློ་འཚབ་གནང་ཡོད་འདུག དེ་ནས་ཉེ་ལམ་གནས་ཚུལ་ཤེས་གསལ་ལྟར་ན་ཕྱི་ལོ་ ༢༠༢༤ ཟླ་ ༩ པའི་མཇུག་ནས་་ཕྱི་ལོ་༢༠༢༥ ཟླ་༣ པའི་ཚེས་༢༥ བར་ཝི་ཏི་ནམ་ (Vietnam) ནང་དུ་དཀའ་ངལ་ཆེན་པོའི་ནང་སྦས་སྐུང་བྱས་ནས་བཞུགས་ཡོད་འདུག སྟབས་མ་ལེགས་པ་ཞིག་ལ་ཕྱི་ལོ་༢༠༢༥ ཟླ་༣ ཚེས་༢༥ ཉིན་ཝི་ཏི་ནམ་གྱི་གྲོང་ཁྱེར་སའ་གྷོན་(Saigon) ནང་དུབཞུགས་ཡོད་སྐབས་ཡུལ་དེའི་ཉེན་རྟོག་པ་དང་རྒྱ་ནག་གསང་བའི་མི་སྣ་ཡོང་ནས་བཞུགས་གནས་ནས་འཛིན་བཟུང་བྱས་ཡོད་འདུག ཟླ་དེའི་ཕྱི་ཚེས་ ༢༨ ཉིན་ས་གནས་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་སྐོར་དང་ཉིན་དེ་རང་ལ་སྐུ་བཀྲོངས་འདུག་ཡོད་སྐོར་བརྗོད་སོང་།

འདིའི་ཕྱི་ཟླ་༤ ཚེས་༡ ཉིན་ལུང་སྔོན་དགོན་དུ་གནས་སྡོད་མངག་གཏོང་ཁང་གིས་འབྲེལ་ཡོད་མི་སྣ་སྐད་བཏང་སྟེ་རིན་པོ་ཆེ་སྐུ་གྲོངས་འདུག་ཅེས་པའི་ཡིག་ཆ་( Death Certificate ) བསྟན་པ་ཙམ་ལས་ཡིག་ཆ་ལག་ཏུ་བཞག་མེད་ལ་པར་ཡང་ལེན་བཅུག་མེད་པ་རེད། ཕྱི་ཟླ་ ༤ ཚེས་ ༣ ཉིན་དགོན་པའི་དགེ་འདུན་པ་བཞི་དང་རྒྱ་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་དང་ཆོས་ལུགས་ཀྱི་འགོ་ཁྲིད་བཅས་ཝི་ཏི་ནམ་དུ་སྐུ་གདུང་གདན་འདྲེན་ཞུ་བར་ཕྱིན་འདུག་ཀྱང༌། སྐུ་ཕུང་དངོས་སུ་མཇལ་ཐུབ་མིན་དང་ཚུར་རང་དགོན་དུ་གདན་འདྲེན་ཐུབ་མིན་གྱི་གནས་ཚུལ་ཁ་གསལ་གང་ཡང་མེད་པ་རེད་འདུག

ད་ལྟ་སྐུ་ཕུང་Vinmec Central Park International Hospital ཞེས་པའི་སྨན་ཁང་དུ་ཡོད་འདུག འདིར་ང་ཚོ་འབྲེལ་ཡོད་ཡོངས་ཀྱི་རེ་བ་ནི། དམ་པ་ཁོང་གི་གྲོངས་རྐྱེན་གང་ཡིན་སྐུ་ཕུང་ལ་ཝི་ཏི་ནམ་རང་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་བརྟག་དཔྱད་ཞིབ་འཇུག་ནན་ཞིབ་ཡོང་བའི་འབོད་སྐུལ་ནན་ཏན་ཞུ་བཞིན་ཡོད། ཅེས་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གཙོས་པའི་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སློབ་མ་རྣམས་ཀྱིས་བརྗོད་སོང་།