ཕྱི་ལོ་༢༠༢༦ ཟླ་༡༡ ཚེས་༦ ཉིན་སྤེལ། དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་འབྲུག་ཡུལ་དུ་ཕེབས་ནས་རྒྱལ་པོ་དང་རྒྱལ་མོ། སྲིད་བློན། ཐེ་ལེན་གྱི་སྲིད་བློན། བོད་ཀྱི་བླ་ཆེན་ཁག་སོགས་ལ་ཐུག་འཕྲད་གནང་འདུག དེ་ནས་རྒྱལ་དབང་ཀརྨ་པ་མཆོག་གིས་འབྲུག་ཡུལ་གྱི་རྒྱལ་ས་ཐིམ་ཕུའི་ལྕང་གླིང་མི་ཐང་ (GPPF Ground) རྩེད་ཐང་ཆེན་མོའི་ནང་། འབྲུག་རྒྱལ་ཁབ་ཀྱི་རྒྱལ་པོ་དང་རྒྱལ་མོ་གཙོས་པའི་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་མང་པོར་ཚེ་དབང་རྒྱས་པ་བཀའ་དྲིན་སྩལ་ཡོད་པ་མ་ཟད། བཀའ་སློབ་བཀའ་ཆོས་ཀྱང་གནང་ཡོད་འདུག
དེ་ཡང་། ཕྱི་ལོ་༢༠༢༦ ཟླ་ ༡༠ ཚེས་ ༣༠ ཉིན། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འཕགས་ཡུལ་འབྲུག་ཡུལ་གྱི་རྩ་ཆེའི་༼ལས་གཞི་ ༡༠༨༽ བྱང་ཆུབ་མཆོད་རྟེན་རབ་གནས་ཀྱི་མཛད་སྒོར་ཆེད་ཕེབས་ཀྱིས་སྤ་གྲོ་གནམ་ཐང་དུ་ཞབས་སོར་འཁོད། གནམ་ཐང་དུ་འབྲུག་གི་རྒྱལ་མོ་རྗེ་བཙུན་པདྨ་མཆོག་དང་། རྒྱལ་མོའི་ཡབ་ཡུམ་གཉིས་ཏེ་གདུང་བརྒྱུད་ད་ཤོ་དོན་གྲུབ་རྒྱལ་མཚན་དང་ཡུམ་བསོད་ནམས་ཆོས་སྐྱིད། འབྲུག་གཞུང་གི་སྐུ་ཚབ་རྣམ་པ། བླ་མ་དང་མཁན་པོ་རྣམས་ཀྱི་གཙོས་པའི་དད་ལྡན་མང་ཚོགས་བཅས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་འདུག
ཉིན་དེར། རྒྱལ་དབང་ཀརྨ་པ་མཆོག་སྤ་རོ་ཤེས་རིག་སློབ་གླིང་ (Paro College of Education) དུ་ཕེབས་ནས་བཀའ་སློབ་གནང་འདུག ཁོང་གིས་གསུང་བཤད་ཀྱི་དབུ་འཛུགས་གནང་སྐབས་གསུང་དོན། ལོ་མང་པོའི་རིང་ཁོང་གིས་འབྲུག་ཡུལ་དུ་གཟིགས་སྐོར་ལ་ཕེབས་རྒྱུའི་རེ་བ་རྟག་ཏུ་གནང་ཡོད་པ་དང་། ད་ཆ་དངོས་སུ་ཞབས་སོར་འཁོད་ཐུབ་པ་འདི་ནི་རྨི་ལམ་མངོན་སུམ་དུ་གྱུར་པ་ལྟ་བུའི་ཚོར་བ་བྱུང་ཞེས་གསུངས། དེ་བཞིན་ཁོང་གིས་ལོ་ངོ་བརྒྱད་བརྒྱ་ལྷག་གི་སྔོན་ལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་མཆོག་སྤ་རོ་རུ་སྒྲུབ་པ་ཉམས་ལེན་ལ་ཕེབས་པ་ནས་དབུ་བརྩམས་ཏེ། ཀརྨ་བཀའ་བརྒྱུད་ཀྱི་བརྒྱུད་པ་དང་འབྲུག་རྒྱལ་ཁབ་དབར་ཕན་ཚུན་གཅིག་ལ་གཅིག་འབྲེལ་གྱི་ལོ་རྒྱུས་ཡོད། དུས་ཚོད་དེ་ནས་བཟུང་ནང་པ་སངས་རྒྱས་པའི་ཆོས་ལྡན་གྱི་རྒྱལ་ཁབ་འབྲུག་ཡུལ་དང་རྒྱལ་དབང་ཀརྨ་པ་རིམ་བྱོན་དབར་ཟབ་ཅིང་རྒྱུན་མ་ཆད་པའི་འབྲེལ་བ་ཆགས་ཡོད་སྐོར།
རྒྱལ་དབང་ཀརྨ་པ་རིནཔོ་ཆེ་མཆོག་གིས་མ་འོངས་དགེ་རྒན་གྱི་རེ་བ་ཅན་གྱི་མང་ཚོགས་དེ་དག་ལ། ངོ་མ་ཤེས་རིག་ཟེར་བ་དེ་ཕྱག་དེབ་དང་ཚོགས་ཁང་ནང་ཁོ་ན་ནས་རྙེད་པ་ཞིག་མ་ཡིན་པར། ང་ཚོའི་ཉིན་རེའི་འཚོ་བའི་ཉམས་མྱོང་གི་ཁྲོད་ནས་རྙེད་དགོས་སྐོར་གསུངས་ཡོད། ཁོང་གིས་ང་ཚོའི་འཚོ་བའི་ནང་གི་བཟང་ངན་གྱི་ཉམས་མྱོང་མཐའ་དག་ལས་སློབ་གསོ་ལེན་དགོས་པ་དང་། བསླབས་པའི་གནས་ལུགས་དེ་དག་རང་གི་རྒྱུད་ལ་སྨིན་པ་བྱེད་དགོས་པའི་སྐོར་གསུངས་འདུག
རིན་པོ་ཆེ་མཆོག་གིས་གསུང་དོན། ང་ཚོའི་མི་ཚེའི་ནང་ཚབས་ཆེན་གྱི་ན་ཚ་དང་འཕྲད་སྐབས། འཆི་བ་ནི་རང་བཞིན་གྱི་ཆོས་ཉིད་ཅིག་ཡིན་པ་དྲན་དགོས། འོན་ཀྱང་གལ་སྲིད་ང་ཚོར་སེམས་ཀྱི་སྟོབས་ཤུགས་དང་མི་ཚེའི་དམིགས་ཡུལ་བརྟན་པོ་ཞིག་ཡོད་ན། དེས་ང་ཚོར་སྨན་བཅོས་ཀྱི་བརྒྱུད་རིམ་ཁྲོད་གདོང་ལེན་བྱེད་པའི་བློ་ཁོག་སྦྱིན་པ་མ་ཟད། འཆི་བ་ལའང་བློ་བདེ་བག་ཕེབས་དང་དང་ལེན་གྱི་སྒོ་ནས་གདོང་ལེན་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་རེད་ཅེས་གསུངས་འདུག
ཕྱི་ཚེས་༣༡ ཉིན། དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་དཔལ་ལྡན་འབྲུག་གི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་མཇལ་འཕྲད་གནང་། དེ་བཞིན་ཐེ་ཝན་གྱི་སྲིད་བློན་མཇལ་འཕྲད་གནང་འདུག
ཕྱི་ལོ༢༠༢༦ ཟླ་༡༡ ཚེས་༡ ཉིན། འབྲུག་ཡུལ་དགེ་ལེགས་ཕུག་གི་མཆོད་རྟེན་༡༠༨ དབུ་འབྱེད་མཛད་སྒོ་སྐབས། རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་༸སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་། དགའ་ལྡན་ཁྲི་ཐོག་བརྒྱ་དང་ལྔ་པ་སྐྱབས་རྗེ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་མཆོག་སོགས་ལ་མཇལ་འཕྲད་གནང་འདུག
རྒྱལ་དབང་ཀརྨ་པ་མཆོག་གིས་ཆོས་ཕྱོགས་ཀྱི་ལས་གཞི་འདིར་སྐུ་དངོས་སུ་ཞབས་སོར་འཁོད་པ་ཙམ་མ་ཟད། ཁོང་དང་ཁོང་གི་སློབ་མ་རྣམས་ཀྱིས་མཆོད་རྟེན་གསུམ་གསར་བཞེངས་ཀྱི་རྒྱབ་སྐྱོར་གནང་བ་དང་། དེ་བཞིན་མཆོད་རྟེན་ཡོངས་དང་སྤྱི་ལེ་བཅུ་གཉིས་ཡོད་པའི་སྐོར་ལམ་གྱི་གློག་བཀར་རྒྱུའི་མཐུན་རྐྱེན་སྦྱར་ཏེ་རྒྱབ་སྐྱོར་གནང་ཡོད་འདུག
ད་དུང་། རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་འབྲུག་གི་སྐྱབས་རྗེ་རྗེ་མཁན་པོ་སྐུ་ཕྲེང་བདུན་ཅུ་པ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་དང་། གདུང་སྲས་གར་རབ་རིན་པོ་ཆེ། དེ་བཞིན་བླ་ཆེན་དང་སྤྲུལ་སྐུ་གཞན་དག་བཅས་དང་ལྷན་མཇལ་གནང་ཡོད།
ཕྱི་ལོ་༢༠༢༦ ཟླ་༡༡ ཚེས་༦ ཉིན། དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་འབྲུག་ཡུལ་གྱི་རྒྱལ་ས་ཐིམ་ཕུའི་ལྕང་གླིང་མི་ཐང་ (GPPF Ground) རྩེད་ཐང་ཆེན་མོའི་ནང་། འབྲུག་རྒྱལ་ཁབ་ཀྱི་རྒྱལ་པོ་དང་བཙུན་མོ་གཙོས་པའི་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་མང་པོར་ཚེ་དབང་རྒྱས་པ་བཀའ་དྲིན་སྩལ་འདུག