ཕྱི་ལོ་༢༠༢༦ ཟླ་༡༠ ཚེས་༢༦ ཉིན། བཞུགས་སྒར་དྷ་རམ་སའི་ལྷ་རྒྱལ་རིར་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་མཆོག་གི་རྗེས་དྲན་སྐུ་འདྲ་ཞིག་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་དབུ་འབྱེད་གནང་སོང་། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བར་བཀའ་དྲིན་རྗེས་དྲན་མཚོན་སླད། དྷ་རམ་ས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐབས་བཅོ་ལྔ་པའི་རྒྱུན་ལས་རྣམས་ཀྱིས་རྒྱལ་གཅེས་དཔའ་བོ་ཁོང་གི་རྗེས་དྲན་འདྲ་སྐུ་བཞེངས་བསྐྲུན་གནང་འདུག
དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་ ༧།༠༠ པའི་ཐོག དྷ་རམ་ས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐབས་བཅོ་ལྔ་པའི་རྒྱུན་ལས་ཀྱིས་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་རྗེས་དྲན་འདྲ་སྐུ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་གོ་སྒྲིག་ཞུས་སོང་། ཐོག་མར། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ། དྷ་ས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ཡི་ཚོགས་གཙོ། གཞན་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་བཅས་མཉམ་འཛོམས་ཐོག དགེ་འདུན་པ་ཁག་ཅིག་གིས་དབུ་མཛད་ནས་བོད་བསྟན་སྲིད་ཀྱི་དཀར་ཕྱོགས་སྐྱོང་བའི་བོད་སྐྱོང་ལྷ་སྲུང་འཕྲིན་སྐུལ་དང་འབྲེལ་བསངས་གསོལ་གནད་སྨིན་གནང་བ་དང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་རྗེས་དྲན་འདྲ་སྐུ་དབུ་འབྱེད་གནང་སོང་།
རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བར་བཀའ་དྲིན་རྗེས་དྲན་མཚོན་སླད། དྷ་རམ་ས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐབས་བཅོ་ལྔ་པའི་རྒྱུན་ལས་རྣམས་ཀྱིས་རྒྱལ་གཅེས་དཔའ་བོ་ཁོང་གི་རྗེས་དྲན་འདྲ་སྐུ་བཞེངས་བསྐྲུན་གནང་འདུག
ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ (བློ་བཟང་དཔལ་ལྡན) མཆོག་གིས་བོད་ནང་དུ་རྒྱ་ནག་གི་བཙན་གནོན་སྲིད་བྱུས་དང་། གསར་དུ་ལག་ལེན་བསྟར་བའི་ "མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལུགས་" ལ་ངོ་རྒོལ་བྱེད་ཆེད། ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་རང་ལུས་མེར་བསྲེགས་གནང་ཡོད། སྐབས་དེར་ཁོང་གིས་བོད་ཀྱི་ཕྱུ་པ་གྱོན་ཞིང་ཕྱག་ཏུ་བོད་ཀྱི་རྒྱལ་དར་བཟུང་བ་དང་། "བོད་རང་དབང་། རྒྱ་མི་བོད་ནས་ཕར་རྒྱུག" ཅེས་པའི་སྦྱར་ཡིག་བཀྲམས་ནས་རང་ལུས་མེར་བསྲེགས་གནང་ཡོད། རང་ལུས་མེར་བསྲེགས་མ་གནང་གོང་དུ་བོད་མིའི་མཐུན་སྒྲིལ་དང་བོད་རང་བཙན་གྱི་ཆེད་དུ་མུ་མཐུད་འཐབ་རྩོད་བྱེད་དགོས་པའི་མཐའ་མའི་ཞལ་ཆེམས་ཤིག་དྲ་ཐོག་ཐད་གཏོང་ (Livestream) གནང་ཡོད། ཁོང་གི་རླབས་ཆེན་གྱི་མཛད་རྗེས་དེ་ཉིད་ནམ་ཡང་མི་ནུབ་པར་གནས་པའི་ཆེད། དྷ་རམ་ས་ལར་ཁོང་གི་འདྲ་སྐུ་དབུ་འབྱེད་གནང་སྟེ། རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་དང་འཇམ་དཔལ་ཡེ་ཤེས་ལགས་རྣམ་གཉིས་ཀྱི་འགྲམ་དུ་བཞེངས་སོང་།
དྷ་རམ་ས་ལ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་སྐབས་ ༡༥ པའི་ཚོགས་གཙོ་བསྟན་འཛིན་ཀུན་གསལ་ལགས་ཀྱིས་གསུང་དོན། བོད་ཀྱི་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་ནིའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་རང་ལུས་མེར་བསྲེགས་གནང་སྐབས། ཁོང་གིས་བོད་དོན་དང་བོད་ཀྱི་རང་དབང་གི་ཆེད་དུ་རང་གི་སྐུ་སྲོག་བློས་གཏོང་གནང་བ་རེད། ང་ཚོས་ཁོང་གི་མཛད་རྗེས་ལ་རྗེས་དྲན་དང་། བོད་རང་དབང་གི་ཆེད་དུ་བློས་གཏོང་གནང་བར་གུས་བརྩི་ཞུ་ཆེད་འདྲ་སྐུ་ཞིག་བཞེངས་རྒྱུའི་ཐག་བཅད་པ་ཡིན། དེ་ནས་ང་ཚོས་དྷ་རམ་ས་ལའི་མི་མང་ལ་ཞལ་འདེབས་བསྡུ་རུབ་བྱས་པ་དང་། སྐབས་དེར་ས་ཆ་འོས་འཚམས་ཤིག་རག་རྒྱུ་སོགས་ཀྱི་དཀའ་ངལ་དང་གནད་དོན་འགའ་ཞིག་འཕྲད་པ་རེད། ཡིན་ནའང་། མཐར་ང་ཚོས་དྷ་རམ་ས་ལའི་ལྷ་རྒྱལ་རིར་བོད་ཀྱི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་དང་འཇམ་དཔལ་ཡེ་ཤེས་ལགས་རྣམ་གཉིས་ཀྱི་སྐུ་བརྙན་གྱི་འགྲམ་དུ། དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཕི་ཊི་ ༦་༥ ཡོད་པའི་འདྲ་སྐུ་གསར་པ་ཞིག་བཞེངས་ཐུབ་པ་བྱུང་ཡོད། ང་ཚོའི་ངོས་ནས་དཔལ་འབྱོར་དང་ཡིག་ཆ་གཉིས་ཀྱི་ཐོག་ནས་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། ད་ལན་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་དྲན་རྟེན་འདྲ་སྐུ་ཧ་ལས་པའི་ཡག་པོ་ཞིག་བཞེངས་བསྐྲུན་གནང་བར་བསྔགས་བརྗོད་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྩ་བའི་བོད་ཀྱི་འཐབ་རྩོད་ཐོག་ལས་ཀ་གང་འདྲ་ཞིག་བྱས་པ་ཡིན་ནའང་། སྐྱ་སེར་དང་མཐོ་དམན་དབྱེ་བ་མེད་པར་ཚང་མས་ཕྱར་གྲུ་མཉམ་འདེགས་བྱ་རྒྱུ་ཧ་ཅང་གི་གནད་འགག་ཆེན་པོ་རེད། ད་ལྟའི་དུས་ཀྱི་དགོས་མཁོར་བསམ་བློ་བཏང་བ་ཡིན་ནའང་། བོད་ཀྱི་བདེན་པའི་མཐའ་གསལ་ཡོད་མ་རེད་ལ། བོད་རང་དབང་རང་བཙན་དང་གཞིས་བྱེས་མཉམ་འཛོམས་ཀྱི་དུས་ཚོད་ཅིག་ད་དུང་ཡང་བྱུང་ཡོད་མ་རེད། དེས་མ་ཟད་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་དགྲ་བོ་རྒྱ་དམར་གཞུང་གི་དྲག་གནོན་སྲིད་བྱུས་དང་གདུག་རྩུབ་མནར་གཅོད་འོག རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་ལས་འདས་པས་བློས་གཏོང་གནང་ཡོད་ཅིང་། ལྷག་པར་དུ་ཕྱི་ལོ་དགུ་བཅུ་གོ་གྲངས་ནང་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་དང་། ཕྱི་ལོ་༢༠༠༩ ནས་བཟུང་ད་བར་བོད་ཕྱི་ནང་གཉིས་སུ་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་དང་བདུན་ཅུ་ཟིན་ལ་ཉེ་བ་ཙམ་གྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་བསྲེགས་ཕུལ་ཡོད་རེད། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བློས་གཏོང་ཆ་ཚང་གནང་ཚར་བ་རེད། དེ་ཡིན་དུས་ང་ཚོས་ཁོང་རྣམ་པའི་ཤུལ་འཛིན་འདྲ་པོ་ཇི་ལྟར་བྱེད་དགོས་མིན་ཐོག་ཚང་མར་འགན་འཁྲི་ཡོད་རེད་བསམ་གྱི་འདུག མཐོ་དམན་དང་དྲག་ཞན་གྱི་དབྱེ་བ་མེད་པར་བོད་མི་ཡིན་ཕྱིན་ཆད་ཚང་མས་དགྲ་ལ་དགྲ་ཡིན་པ་ངོ་ཤེས་དགོས་པ་དང་། བོད་ཀྱི་འཐབ་རྩོད་ཐོག་ལ་བསམ་བློ་ཡོད་དགོས་པ་དེ་སྐབས་སུ་བབ་པའི་ལྡོག་ཏུ་མེད་པའི་འགན་རེད་བསམ་གྱི་འདུག
དེ་ཡིན་དུས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་དོན་འདིའི་ཐོག་སྔ་ཕྱིར་དཀའ་ངལ་མང་པོ་བྱུང་ཡོད་ཚོད་འདུག གཅིག་ནས་སོ་སོར་ལུང་པ་མེད་པའི་དཀའ་ངལ་དང་། གཉིས་ནས་སོ་སོར་རང་དབང་རང་བཙན་མེད་པའི་དཀའ་ངལ་འོག་ལས་ཀ་གང་འདྲ་ཞིག་བྱས་པ་ཡིན་ནའང་། དེ་ལ་མཐུན་རྐྱེན་དང་ཕྱར་གྲུ་མཉམ་འདེགས་བྱེད་མཁན་དེ་ཉུང་དུ་འགྲོ་བ་དང་། དེ་ལ་འགལ་རྐྱེན་བཟོ་མཁན་དེ་མང་རུ་མང་རུ་འགྲོ་བའི་གནས་སྟངས་ཤིག་ཆགས་ཀྱི་འདུག དེ་ཡིན་དུས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ལའང་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་ས་རེད། ཡིན་ནའང་དཀའ་ངལ་ལ་གདོང་ལེན་གནང་ནས་དེ་རིང་གི་ཉིན་མོར་རྒྱ་ཆེའི་མང་ཚོགས་མདུན་དུ་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་འདྲ་སྐུ་ཞིག་མཇལ་རྒྱུ་ཡོད་པ་བཟོས་པ་དེ་དཔེ་མི་སྲིད་པའི་ཡག་པོ་བྱུང་འདུག ང་ཚོ་བོད་མི་ཚོ་རྒྱ་གར་གྱི་སྤྱི་ཚོགས་ཆེན་པོ་ཞིག་གི་ནང་བསྡད་ཡོད་དུས། རྒྱ་གར་མི་མང་རྣམས་ལ་བོད་ཀྱི་འཐབ་རྩོད་ཐོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ངོ་སྤྲོད་བྱེད་ཐུབ་པ་ཡིན་ན། བོད་མི་ཚོ་ནི་སོ་སོའི་རྒྱལ་ཁབ་དང་། རིག་གཞུང་། མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་མཁན་གྱི་མི་རིགས་ཤིག་ཡིན་པ་གསལ་པོར་ངོ་སྤྲོད་བྱེད་ཐུབ་པའི་གནས་སྟངས་ཤིག་རང་བཞིན་གྱི་ཆགས་ཀྱི་ཡོད་རེད། ང་རང་ཚོའི་དྲན་རྟེན་གཅིག་པུ་ཙམ་མ་ཡིན་པར་སྤྱི་ཚོགས་གཞན་ལའང་མིག་དཔེ་བསྟན་ཐུབ་པའི་ཕན་ཐོགས་ཆེན་པོ་བྱུང་ཡོད་དུས། སླར་ཡང་རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བཙན་བྱོལ་ནང་ཡོད་མཁན་ཚང་མས་རྒྱལ་གཅེས་དཔའ་བོ་དཔའ་མོའི་གྲངས་ཀ་དང་། དྲན་རྟེན་རྡོ་རིང་གྲངས་ཀ་བརྒྱབ་ནས་མ་བསྡད་པར། ང་རང་ཚོ་མི་རེ་ངོ་རེའི་ངོས་ནས་གོམ་པ་མདུན་སྤོས་བྱེད་དགོས་པ་དང་། མདུན་ལ་འདོན་ནས་ལས་ཀ་བྱེད་དགོས་པ། མི་རེ་ངོ་རེའི་ངོས་ནས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་བསམ་བློ་སྤུངས་དགོས་པ་ཧ་ཅང་གི་གནད་འགག་ཆེན་པོ་རེད་འདུག གཞུང་དང་། ཚོགས་སྡེ། འགོ་ཁྲིད། མི་མང་བཅས་ཚང་མས་བོད་ཀྱི་འཐབ་རྩོད་ཐོག་ལ་གང་ཐུབ་ཐུབ་ཀྱིས་རིག་པ་བསྒྲིམ་དགོས་པ་དང་། དེའི་ཐོག་ལ་ལས་ཀ་བྱེད་དགོས་པ་དེ་དཔེ་མི་སྲིད་པའི་གནད་འགག་ཆེན་པོ་རེད་འདུག ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཐོག་ནས་རྒྱལ་གཅེས་དཔའ་བོ་དམ་པ་ཁོང་གི་རྗེས་དྲན་འདྲ་སྐུ་བཞེངས་བསྐྲུན་གནང་ཐུབ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།