22
Sun, Nov
8 New Articles

གདོ་སྣང་ཆེ་སའི་གསར་འགྱུར།

Grid List

ཕྱི་ལོ་༢༠༢༦ ཟླ་༡༠ པའི་ཚེས་༢༠ ཉིན་སྤེལ། རྒྱ་དམར་སྲིད་གཞུང་གིས་བོད་ནང་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པའི་སྐབས བོད་སྐད་ཡིག་བརྒྱུད་ནས་སློབ་ཁྲིད་གནང་བཞིན་པའི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་དང་། མགོ་ལོག་རྟ་བྲག་སློབ་གྲྭ རྭ་རྒྱ་གྲོལ་རྡལ་བཅའ་སྡོད་སློབ་གྲྭ་གཉིས་པ་བཅས་བསྟུད་མར་བཙན་གྱིས་སྒོ་རྒྱག་བཅུག་འདུག

ཕྱི་ལོ་༢༠༢༥་ཟླ་༡༢ ཚེས་༡༦ ཉིན་སྤེལ། ཟླ་སྔོན་མའི་ནང་བོད་ཁམས་རྫ་ཆུ་ཁར་རྒྱ་མི་ཚོས་གསེར་གྱི་གཏེར་ཁ་སྔོག་འདོན་བྱེད་སྐབས། ས་གནས་མི་མང་གིས་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པར་རྒྱ་གཞུང་གི་ཉེན་རྟོག་པས་བོད་མི་ཚོར་བཅར་རྡུང་དང་འཛིན་བཟུང་བྱས་ནས་རྫོང་ཐོག་ཏུ་བཙན་ཁྲིད་བྱས་ཡོད་འདུག བོད་མི་ཚོ་ད་དུང་ཡང་གློད་གྲོལ་གཏོང་མེད་པ་མ་ཟད་བོད་མི་ཁག་ཅིག་གར་སོང་ཆ་མེད་དུ་གྱུར་ཡོད་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག

ཕྱི་ལོ་༢༠༢༥ ཟླ་༧ ཚེས་༢༡ ཉིན་སྤེལ། ཉེ་ཆར་རྒྱ་དམར་གཞུང་གིས་བོད་མདོ་སྨད་རྔ་བ་ནས་ཡིན་པའི་གླུ་བ་ཨ་སངས་ལགས་འཛིན་བཟུང་བཙན་ཁྲིད་བྱས་ནས་བདུན་ཕྲག་གཉིས་ལྷག་ཕྱིན་ཡོད་ཀྱང་གར་སོང་ཆ་མེད་དུ་གྱུར་ཡོད་འདུག ཁོང་དང་ཁོང་གི་གྲོགས་པོ་གཉིས་ཀྱིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་སྐབས་དྲ་ཐོག་ནས་ཞི་བདེའི་རྒྱལ་སྲས་ཞེས་པའི་༸གོང་ས་མཆོག་ལ་བསྟོད་གླུ་ཞིག་བླངས་རྗེས་ཁོང་འཛིན་བཟུང་བྱས་ཡོད་འདུག

ཕྱི་ལོ་༢༠༢༦ ཟླ་༡༡ ཚེས་༡༨ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། ལྷག་པར་དུ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་མཆོག་ལ་རྗེས་དྲན་ཆེ་བསྟོད་ཞུ་ཆེད་ཟླ་བ་བདུན་ལྷག་རིང་གི་རྒྱལ་སྤྱིའི་“ཆིག་སྒྲིལ་གྱི་མེ་ལྕེ་སྐོར་བསྐྱོད་ལས་འགུལ”ཞེས་པ་དབུ་འཛུགས་གནང་སོང་། ལས་འགུལ་འདི་ནི་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་རང་ལུས་མེར་སྲེག་གནང་སྐབས་ཕྱག་ཏུ་བསྣམས་པའི་བོད་ཀྱི་རྒྱལ་དར་དེ་བསྒྲེངས་ཏེ་དབུ་འཛུགས་གནང་ཡོད་ཅིང་། རྒྱལ་དར་འདི་ཉིད་ལས་འགུལ་ཡོངས་རྫོགས་ཀྱི་རིང་ལ་རྗེས་དྲན་དང་། མི་རིགས་ཀྱི་ངོ་བོ། ཆིག་སྒྲིལ། དེ་བཞིན་བོད་རང་བཙན་གྱི་འགྱུར་མེད་ཀྱི་དམ་བཅའ་བཅས་ཀྱི་མཚོན་རྟགས་སུ་འཁྱེར་རྒྱུ་ཡིན་འདུག

ཕྱི་ལོ་༢༠༢༦ ཟླ་༡༡ ཚེས་༡༡ ཉིན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བསྐལ་བཟང་མཐར་ཕྱིན་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བཞིན་པར་ངོ་རྒོལ་དང་། དཔའ་བོ་བློ་དགའ་རང་བཙན་མཆོག་ལ་རྗེས་དྲན་ཞུ་ཆེད། རྡ་རམ་ས་ལ་ནས་ལ་དྭགས་བར་ཕར་འགྲོ་ཚུར་འོང་གི་གོམ་བགྲོད་བྱས་ཏེ་ལས་འགུལ་དེ་མཇུག་བསྒྲིལ་ཡོད། ཁོང་གིས་བོད་ཀྱི་རྒྱལ་དར་དང་“ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག” ཅེས་འཁོད་པའི་འཕྲེད་དར་ཞིག་བསྣམས་ཡོད་ཅིང་། ལས་འགུལ་དེའི་དམིགས་ཡུལ་ནི་བོད་ཀྱི་སྐད་ཡིག་སྦྱོང་བརྩོན་སྤྱོད་གསུམ་བྱེད་རྒྱུ་དང་སྲུང་སྐྱོབ་བྱེད་རྒྱུར་སྐུལ་མ་དང་། རྒྱ་གཞུང་གིས་བོད་ནང་སྐད་ཡིག་རྩ་མེད་བཟོ་བཞིན་པར་ངོ་རྒོལ་བྱེད་རྒྱུ་བཅས་ཡིན།

ཕྱི་ལོ་༢༠༢༦ ཟླ་༡༡ ཚེས་༦ ཉིན་སྤེལ། དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་འབྲུག་ཡུལ་དུ་ཕེབས་ནས་རྒྱལ་པོ་དང་རྒྱལ་མོ། སྲིད་བློན། ཐེ་ལེན་གྱི་སྲིད་བློན། བོད་ཀྱི་བླ་ཆེན་ཁག་སོགས་ལ་ཐུག་འཕྲད་གནང་འདུག དེ་ནས་རྒྱལ་དབང་ཀརྨ་པ་མཆོག་གིས་འབྲུག་ཡུལ་གྱི་རྒྱལ་ས་ཐིམ་ཕུའི་ལྕང་གླིང་མི་ཐང་ (GPPF Ground) རྩེད་ཐང་ཆེན་མོའི་ནང་། འབྲུག་རྒྱལ་ཁབ་ཀྱི་རྒྱལ་པོ་དང་རྒྱལ་མོ་གཙོས་པའི་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་མང་པོར་ཚེ་དབང་རྒྱས་པ་བཀའ་དྲིན་སྩལ་ཡོད་པ་མ་ཟད། བཀའ་སློབ་བཀའ་ཆོས་ཀྱང་གནང་ཡོད་འདུག

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༡ ཉིན། བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་༢༤་ཡིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་བཤིག་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཀྱིས་༸གོང་ས་མཆོག་ལ་ཀརུཎ་རཏྣ་(Karuna Ratna)ཞེས་པའི་འབུལ་ལམ་ཞུས་སོང་།

ཕྱི་ལོ་༢༠༢༦ ལོའི་ཟླ་༡ པའི་ཚེས་༥ ཉིན་སྤེལ། ནང་པའི་དགེ་འདུན་པ་ཁག་ཅིག་ནས་ཨ་རི་ནང་“ཞི་བདེའི་ཆེད་དུ་སྐྱོད་པའི་གོམ་བགྲོད”ཅེས་པའི་བརྗོད་གཞིའི་འོག་ནས། ཞི་བདེ་དང་། བྱམས་པ། བརྩེ་བ་ཁྱབ་སྤེལ་གནང་བཞིན་པར་ས་གནས་གཞུང་མང་གཉིས་ནས་རྒྱབ་སྐྱོར་དང་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་པར་མ་ཟད། སེམས་འགུལ་ཐེབས་ནས་མིག་ཆུ་བཞུར་མཁན་དང་། པུས་མོ་བཙུགས་ནས་མེ་ཏོག་ཕུལ་མཁན། སྐད་གསང་མཐོན་པོས་བསྔགས་བརྗོད་བྱེད་མཁན་ཡང་མང་དུ་བྱུང་འདུག དེར་བརྟེན། ཁོང་ཚོས་ས་གནས་ཀྱི་སྤྱི་ཚོགས་གཙོས་པའི་སྤྱི་ཚོགས་གང་སར་མིག་དཔེ་བཟང་པོ་དང་ཤུགས་རྐྱེན་བཟང་པོ་སྐྲུན་བཞིན་འདུག

ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༢༧ ཉིན་སྤེལ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ཚོགས་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་དུ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གྱི་ཐོབ་ཐང་ནི་བོད་མི་ཁོ་ནར་ཡོད་པ་མ་གཏོགས་རྒྱ་དམར་སྲིད་གཞུང་ལ་མེད་ཅེས་ནན་བརྗོད་བྱས་འདུག ལྷན་ཚོགས་དེའི་ཐོག་ཨ་རི་གཙོས་པའི་རྒྱལ་ཁབ་ཁག་གི་ཆོས་དད་རང་དབང་དང་འབྲེལ་བའི་མི་སྣ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཡང་ཕེབས་ནས་གསུང་བཤད་གནང་ཡོད་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༨ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ བཞེས་པའི་གཞུང་འབྲེལ་གོ་སྟོན་སྲུང་བརྩིའི་བོད་ཡིག་དྲ་ཚིགས(www.ghoton.net) དང་དབྱིན་ཇིའི་དྲ་ཚིགས་(www.hhthedalailama90.net) བཅས་དྲ་ཚིགས་གཉིས་དབུ་འབྱེད་གནང་རྗེས། ༸གོང་ས་མཆོག་གི་གོ་སྟོན་དང་འབྲེལ་བའི་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།