23
Mon, Nov
8 New Articles

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་“ཆིག་སྒྲིལ་གྱི་མེ་ལྕེ་སྐོར་བསྐྱོད་ལས་འགུལ”ཞེས་པ་དབུ་འཛུགས་གནང་སོང་།

ཕྱི་ལོ་༢༠༢༦ ཟླ་༡༡ ཚེས་༡༨ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་“ཆིག་སྒྲིལ་གྱི་མེ་ལྕེ་”ལས་འགུལ་གྱི་དབུ་འབྱེད་མཛད་སྒོ་སྐབས། པར། རྒྱལ་སྤྱའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༦ ཟླ་༡༡ ཚེས་༡༨ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། ལྷག་པར་དུ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་མཆོག་ལ་རྗེས་དྲན་ཆེ་བསྟོད་ཞུ་ཆེད་ཟླ་བ་བདུན་ལྷག་རིང་གི་རྒྱལ་སྤྱིའི་“ཆིག་སྒྲིལ་གྱི་མེ་ལྕེ་སྐོར་བསྐྱོད་ལས་འགུལ”ཞེས་པ་དབུ་འཛུགས་གནང་སོང་། ལས་འགུལ་འདི་ནི་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་རང་ལུས་མེར་སྲེག་གནང་སྐབས་ཕྱག་ཏུ་བསྣམས་པའི་བོད་ཀྱི་རྒྱལ་དར་དེ་བསྒྲེངས་ཏེ་དབུ་འཛུགས་གནང་ཡོད་ཅིང་། རྒྱལ་དར་འདི་ཉིད་ལས་འགུལ་ཡོངས་རྫོགས་ཀྱི་རིང་ལ་རྗེས་དྲན་དང་། མི་རིགས་ཀྱི་ངོ་བོ། ཆིག་སྒྲིལ། དེ་བཞིན་བོད་རང་བཙན་གྱི་འགྱུར་མེད་ཀྱི་དམ་བཅའ་བཅས་ཀྱི་མཚོན་རྟགས་སུ་འཁྱེར་རྒྱུ་ཡིན་འདུག

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠།༣༠ ཐོག “ཆིག་སྒྲིལ་གྱི་མེ་ལྕེ་”ལས་འགུལ་གྱི་དབུ་འབྱེད་མཛད་སྒོ་བཞུགས་སྒར་རྡ་རམ་ས་ལའི་མེག་གྷན་དུ་རྟེན་གཞི་བྱས་པའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་རླངས་འཁོར་འཇོག་སར་ཚགས་སོང་། ལས་འགུལ་འདི་རྡ་རམ་ས་ལ་ནས་འགོ་བཙུགས་ཏེ་རྒྱ་གར་ནང་གི་བོད་མིའི་གཞི་ཆགས་ཁག་ཏུ་སྐོར་སྐྱོད་བྱ་རྒྱུ་ཡིན་ཞིང་། དེ་རྗེས་ཡུ་རོབ་དང་། ཨོ་གླིང་། ཐེ་ཝན། ཉི་ཧོང་། ཁེ་ན་ཌ་དང་ཨ་རི་བཅས་སུ་སྐོར་བསྐྱོད་བྱ་རྒྱུ་ཡིན་འདུག། ལས་འགུལ་འདིའི་དམིགས་ཡུལ་ནི་བོད་མི་རིགས་ཀྱི་ཆིག་སྒྲིལ་གྱི་སྙིང་སྟོབས་སླར་གསོ་དང་། ཐུན་མོང་གི་འགན་འཁྲི་ཤུགས་ཆེ་རུ་གཏོང་ཐབས། དེ་བཞིན་བཙན་བཟུང་འོག་ཡོད་པའི་གཞིས་ལུས་བོད་མི་རྣམས་ཀྱི་མངོན་འདོད་དང་འབོད་སྒྲ་རྣམས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སྒྲོག་སྤེལ་བྱེད་རྒྱུ་བཅས་ཡིན་འདུག

དབུ་འབྱེད་མཛད་སྒོ་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་བཀྲས་ཁང་མཆོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་དང་། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དམིགས་བསལ་སྐུ་མགྲོན། དེ་བཞིན་སྐུ་མགྲོན་གཞན་དག་ཁོངས་སུ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་དང་། སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ་སྟེ་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་དང་། དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན། སློབ་དཔོན་ཐུབ་བསྟན་རྒྱལ་མཚན། དགེ་བཤེས་ཨ་སྟོང་རིན་ཆེན་རྒྱལ་མཚན། མགོན་པོ་དོན་གྲུབ། དགའ་རྒྱ་རྒྱལ་མཚན་ཆོས་སྐྱིད་བཅས་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དྷ་ས་ཁུལ་གྱི་མང་ཚོགས་བཅས་མཛད་སྒོར་མཉམ་ཞུགས་བྱས་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་མཆོག་གིས་བརྗོད་དོན། གཞོན་ལྷན་དབུས་ས་གཉིས་ཀྱི་རྒྱུན་ལས་ཚོགས་མི་ ༣༨༠༠༠ ལྷག་ཡོངས་ཀྱི་ཚབ་ཞུས་ཏེ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་གྲངས་མེད་སྔོན་དུ་ཕུལ་བའི་ཐོག་ནས། གཞིས་བྱེས་བོད་འབངས་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན། དེ་བཞིན་དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ས་བཙན་འཕྲོག་བྱས་པ་ནས་བཟུང༌། བོད་རྒྱལ་ཁབ་དང་མི་རིགས། རིག་གཞུང་དང་བཅས་པའི་བདག་དབང་སྲུང་སྐྱོབ་ཀྱི་སླད་དུ། རང་ གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང༌། སྙིང་སྟོབས། བློས་གཏོང་མཛད་རྗེས་བཅས་རྗེས་སུ་དྲན་པའི་སྒོ་ནས་མྱ་ངན་གུས་འདུད་ཞུ་རྒྱུ་དང༌། ད་ལྟའང་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་ སྲིད་བྱུས་དང་བཙན་འོག་ཏུ་དཀའ་སྡུག་མནར་གཅོད་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་ཆབ་སྲིད་བཙོན་པ་རྣམ་པ་དང༌། གཞིས་ བཞུགས་བོད་འབངས་ཡོངས་ཀྱི་ཞུམ་པ་མེད་པའི་རྒྱལ་གཅེས་ལྷག་བསམ་དང་སྙིང་སྟོབས་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ ཚོགས་མི་ཡོངས་ནས་ཡི་རངས་བསྔགས་བརྗོད་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།

བོད་རྒྱལ་ཁབ་ནི་ལོ་རྒྱུས་ཐོག་མངའ་ཐང་སྟོབས་འབྱོར་ཤིན་ཏུ་ཆེ་བས་སྔོན་ཆད་ཨེ་ཤི་ཡའི་ནང་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང༌། དེང་སྐབས་བོད་རྒྱལ་ཁབ་ནི་བཙན་རྒྱལ་རྒྱ་དམར་སྲིད་གཞུང་གི་བཙན་འཛུལ་འོག་ཉམས་རྒུད་དཀའ་སྡུག་ཆེ་བའི་དུས་སྐབས་གཉིས་ཀ་བྱུང་ཡོད་ཅིང༌། བོད་མི་དམར་གསོད་དང༌། རྒྱལ་ཁབ་བཙན་འཕྲོག ཡུལ་ཁམས་གཏོར་སྐྱོན། མི་རིགས་རྩ་གཏོར་བཅས་ཚད་ མེད་བཏང་དང་གཏོང་མུས་ཡིན་པས་བོད་ནང་གི་ཛ་དྲག་གནས་བབ་ནི་ཧ་ཅང་ཡིད་སྐྱོ་བ་དང་བློ་ཚབས་སྐྱེ་དགོས་པའི་གནས་བབ་ཅིག་གི་འོག་ཏུ་གནས་ཡོད། འོན་ཀྱང་ལོ་ངོ་བཅུ་ཕྲག་མང་པོའི་རིང་བཙན་གནོན་འོག་གནས་ཡོད་ཀྱང་བོད་པའི་ངོ་བོ་དང་སྙིང་སྟོབས་ནི་ད་དུང་ཡང་གསོན་པོར་གནས་ཡོད།

བཙན་རྒྱལ་རྒྱ་དམར་སྲིད་གཞུང་གིས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་རྩ་མེད་བཟོ་རྒྱུའི་ཐབས་ལམ་འདྲ་མིན་མུ་མཐུད་སྤེལ་བཞིན་ཡོད་པ་དང༌། བོད་རྒྱལ་ཁབ་ཀྱི་མིང་ཚབ་ཏུའང་ "ཤིའི་ཙང་"ཞེས་པ་བཀོད་ནས་བོད་ཀྱི་མིང་ཙམ་ཡང་མེད་པར་བཟོ་ཐབས་བྱེད་ཀྱི་ཡོད། ད་ལྟའི་ཆར་ཁྲིམས་ཐོག་ནས་བོད་གཙོས་པའི་རྒྱ་ནག་གི་བཙན་འོག་ན་ཡོད་པའི་རྒྱལ་ཁབ་དང་མི་རིགས་ཚང་མ་རྒྱ་ སྒྱུར་གྱི་སྲིད་བྱུས་ཐབས་ལམ་འདྲ་མིན་འོག་བོད་ཀྱི་སློབ་གཉེར་བསྟི་གནས་ཁང་ཁག་སྒོ་བརྒྱབ་པ་དང་། བོད་ཀྱི་སློབ་ཕྲུག་དང་བྱིས་པ་རྣམས་ བཙན་གྱིས་དགྲ་བོ་རྒྱ་དམར་ནས་ཆེད་གཉེར་བྱས་པའི་གཅའ་སྡོད་སློབ་གྲྭ་ཁག་ནང་བཙན་འཇུག་གིས་རྒྱ་གཞུང་རང་གི་དམར་ཤོག་གི་ལྟ་བ་བཙན་ཁྲིད་བྱེད་པ། བོད་ཀྱི་སྐད་ཡིག་དང་རང་བྱུང་ཁོར་ཡུག་སོགས་ལ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུ་མཁན་རྣམས་ཀྱང་བཀག་ཉར་དང་འཛིན་བཟུང་བཙོན་འཇུག་བྱེད་པ། དེ་བཞིན་མི་རིགས་ཀྱི་དཔལ་འབྱོར་ཡར་རྒྱས་སོགས་ལ་ཁ་གཡར་ནས་བོད་ནང་འཛུགས་སྐྲུན་ལས་ གཞི་འདྲ་མིན་འོག་ཉམས་ཆུང་ཞིང་འབྲོག་བོད་མི་རྣམས་བཙན་གྱིས་གནས་སྤོས་གཏོང་བ་དང༌། བོད་ཀྱི་ཡུལ་ལུང་ཁག་ཏུ་གཏེར་ཁ་བསྔོག་ འདོན་དང་ཆུ་མཛོད་གསར་རྒྱག་སོགས་ཀྱིས་བོད་ཀྱི་རང་བྱུང་ཁོར་ཡུག་རྩ་གཏོར་དང་གཏོར་བཤིག་གཏོང་མུས་ཡིན།

དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ཀྱི་ལོ་རྒྱུས་རྒྱལ་སྤྱིའི་ཐོག་འཁྱོག་བཤད་ལོག་བཤད་དང་རྫུན་སྒྲོག་ག་ཚོད་བྱས་ཀྱང་ལོ་ རྒྱུས་ཀྱི་དོན་དངོས་སམ་དྲང་བདེན་ལ་ནམ་ཡང་འགྱུར་བ་གཏོང་མི་ཐུབ་ཅིང༌། ལོ་རྒྱུས་ཀྱི་བདེན་པ་ཉིད་རྣམ་པར་རྒྱས་ངེས་ཡིན་པ་དང༌། བོད་མི་རིགས་ནི་ལོ་ངོ་༢༢༦༠༠༠ ལྷག་སོང་བའི་མི་རིགས་ཆེན་པོ་ཞིག་ཡིན་པ་ཚན་རིག་གིས་དཔང་འབོར་ཐུབ་པ་ཞིག་ཡིན་པ་མ་ཟད་ཨེ་ཤི་ ཡི་ཁྱོན་ལ་དབང་སྒྱུར་བྱས་མྱོང་ཡོད་པའི་མིང་དུ་གྲགས་པ་བོད་གདོང་དམར་བཙན་པོའི་གདུང་རྒྱུད་ལས་ཆད་པའི་མི་རིགས་ཤིག་ཡིན་ པས་བོད་མི་རིགས་ཀྱི་འདུ་ཤེས་དང་སྙིང་སྟོབས་ལ་ནམ་ཡང་རྒྱ་དམར་སྲིད་གཞུང་གིས་ཚོད་འཛིན་བྱེད་མི་ཐུབ། དེར་བརྟེན། བོད་ཀྱི་མེས་པོ་ གོང་མ་རྣམས་ཀྱི་དཀའ་སྤྱད་འབད་བརྩོན་ལས་གྲུབ་པའི་བོད་ཀྱི་སྐད་ཡིག་རིག་གཞུང་དང༌། ཡུལ་སྲོལ་གོམས་གཤིས་བཟང་པོ། རྩ་ཆེའི་རིག་ དངོས་སོགས་རིན་བྲལ་གྱི་ཤུལ་བཞག་གང་ཡོད་རྣམས་བོད་མི་རིགས་ཀྱི་མི་རབས་གཞོན་པ་རྣམས་ནས་གཅེས་ཉར་སྲུང་སྐྱོབ་བྱེད་པའི་ འགན་དབང་ཡོད་པ་བཞིན་ང་ཚོས་ནམ་ཡང་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གྱིས་སྲུང་སྐྱོབ་བྱེད་རྒྱུ་ཡིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དོན་ཚན་གཉིས་པའི་དགོངས་དོན་བཞིན། ལུང་ཚན་དང༌། ཆོས་ལུགས། གྲལ་རིམ་ སོགས་དབར་འཐེར་འཁྱེར་གྱི་བསམ་བློ་སྤངས་ཏེ་བླང་དོར་འཇུག་ལྡོག་མ་ནོར་བ་དང་འབྲེལ། མང་ཚོགས་ནང་མཛའ་མཐུན་དམ་གཙང་་གྱུར་ ཡོང་ཐབས་ལྷུར་ལེན་འབད་སྒྲུབ་བྱ་རྒྱུ་ཞེས་པ་ལྟར་ཆིག་སྒྲིལ་གྱི་མེ་ལྕེ་ཞེས་པའི་སྐོར་སྐྱོད་ཀྱི་ལས་འགུལ་ཐོག་ནས་རྒྱལ་གཅེས་དཔའ་བོ་རང་ བཙན་བློ་དགའ་ལགས་ནས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་ཐང་དུ་ རང་ལུས་མེར་སྲེག་གནང་སྐབས་སུ་སྒྲེང་འཛུགས་གནང་བའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དེ་བཞིན་མཉམ་འཁྱེར་གྱིས་རྒྱལ་སྤྱིའི་ཐོག་ སྐོར་སྐྱོད་དང་འབྲེལ་བོད་ཀྱི་བདེན་མཐའ་སེལ་ཐབས་དང་བོད་དོན་འཐབ་རྩོད་སླད་ཆིག་སྒྲིལ་ནི་རྒྱལ་ཁའི་རྩ་བ་ཡིན་ཞེས་པ་ལྟར་རྡོག་རྩ་ཆིག་ སྒྲིལ་གྱི་ནུས་ཤུགས་དགོས་གལ་ལ་བརྟེན་ཆིག་སྒྲིལ་གྱི་མེ་ལྕེ་ཞེས་པའི་རྒྱལ་སྤྱིའི་རང་བཞིན་གྱི་ལས་འགུལ་འདི་སྤེལ་བཞིན་ཡོད།

བོད་དོན་འཐབ་རྩོད་འདི་བཞིན་གཙོ་བོ་བོད་ནང་ཡོད་པའི་གཞིས་བཞུགས་བོད་མི་རྣམས་ཀྱི་མངོན་འདོད་དང༌། འབྱུང་འགྱུར་གྱི་ བོད་མི་གཞོན་སྐྱེས་སམ་མི་རབས་གསར་པ་རྣམས་ཀྱི་ཆེད་དུ་ཡིན་དགོས་པ་དང༌། ད་སྐབས་བཙན་བྱོལ་དུ་ཡོད་པའི་མི་རབས་རྒན་པའམ་བགྲེས་པ་རྣམས་ཀྱི་མངོན་འདོད་དམ། ཁོང་རྣམ་པས་རྒྱུན་དུ་རང་ཉིད་ཀྱི་སྐྱེ་བ་ཕྱི་མ་དེ་བཞིན་༸གོང་ས་མཆོག་གི་སྐུ་མདུན་ནམ་བོད་དུ་སྐྱེ་ བའི་སྨོན་ལམ་ཤུགས་དྲག་འདེབས་པ་བཞིན་བོད་ཀྱི་མ་འོངས་པའི་བདེན་མཐའ་སེལ་དགོས་རྒྱུ་ནི་ད་ལྟའི་མི་རབས་རྣམས་ལ་འགན་འཁྲི་ཡོད། བོད་ཀྱི་བདེན་མཐའ་གང་མགྱོགས་སེལ་ཐུབ་མིན་ནི་དེ་རིང་གི་ང་ཚོའི་ལྷག་བསམ་དང་ཆིག་སྒྲིལ། སྙིང་སྟོབས་བཅས་པར་རག་ལུས་པ་ཞིག་ཡིན་པ་དང༌། མ་འོངས་བོད་ཀྱི་ལོ་རྒྱུས་ནང་ད་ལྟའི་བོད་དོན་འཐབ་རྩོད་ཀྱི་ལོ་རྒྱུས་འདི་དག་འཁོད་ངེས་ཡིན་པས། བོད་དོན་འཐབ་རྩོད་ཀྱི་ནུས་ ཤུགས་ཆེ་ཆུང་ངམ་བཟང་ངན་གང་འཁོད་མིན་ནི་ད་ལྟའི་མི་རབས་རྣམས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཡིན་པས་ང་ཚོས་མི་རབས་ ཕྱི་མ་རྣམས་ལ་ངོ་སྣོང་སྐྱེ་མི་དགོས་པའི་ལོ་རྒྱུས་ཤིག་འཇོག་དགོས་རྒྱུ་ནི་གལ་ཆེན་ཡིན།

མ་འོངས་བོད་ཀྱི་ལོ་རྒྱུས་ནང་ད་ལྟའི་མི་རབས་རྣམས་ཀྱི་བྱས་རྗེས་ཆེ་ཤོས་ནི་བོད་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ གི་ནང་༸བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གདེན་འདྲེན་ཞུ་ཐུབ་པ་དང་བོད་གཞིས་བྱེས་ མཉམ་འཛོམས་ཞིག་བྱུང་ན་དེ་ལས་ཆེ་བའི་བྱས་རྗེས་ཤིག་མེད་པས་དེ་ལྟར་ད་ལྟའི་བོད་མི་རབས་སམ་གཞོན་སྐྱེས་རྣམ་པར་འགན་འཁྲི་ཡོད་ པ་བཞིན་བོད་དོན་འཐབ་རྩོད་ཐད་ནུས་ཤུགས་སྔར་ལྷག་འདོན་དགོས་རྒྱུ་གལ་ཆེ་ཡིན། བོད་ཀྱི་བདེན་མཐའ་སེལ་མིན་རྒྱུན་རིང་ཐུང་ནི་རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་ལ་བརྟེན་དགོས་པ་ཞིག་ཡིན་པས་སུས་ཀྱང་བཤད་ཚོད་དཀའ་བ་ཞིག་ཡིན། ནུས་པ་མཉམ་སྤུངས་ཀྱིས་རྒྱལ་སྤྱིའི་ཐོག་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་སྔར་ལྷག་འདོན་ཐུབ་པ་ཡིན་ན། བོད་ཀྱི་བདེན་མཐའ་གང་མགྱོགས་སེལ་རྒྱུར་ཁྱད་པར་ཆེན་པོ་བཟོ་ངེས་ཡིན།

ད་བར་ང་ཚོས་ཤེས་རྟོགས་བྱུང་བར་གཞིགས་ན་བོད་ཕྱི་ནང་གཉིས་ནས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་ ༡༦༩ ཙམ་ གྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་རང་ལུས་མེར་སྲེག་གནང་ ཡོད་པ་དང་། ཉེ་ཆར་ཡང་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢ ཉིན་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་ཐང་དུ་རྒྱལ་ གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ནས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་གནང་ཡོད་པ་དང་། ཁོང་གི་མི་ཚེའི་ ཆེས་མཐའ་མར་བོད་མི་རྣམས་ལ་རེ་འདུན་ཤུགས་དྲག་དང་བཅས་ཞལ་ཆེམས་སྐར་མ་དྲུག་ལྷག་ཅན་ཞིག་བརྙན་ལམ་ནས་བཞག་ཡོད་པ་ དེས་རྐྱེན་པས་རྒྱལ་སྤྱིའི་ཐོག་བོད་དོན་འཐབ་རྩོད་ཀྱི་མེ་ལྕེ་བསྐྱར་དུ་ཤུགས་ཆེར་སྤར་ཡོད་པ་དང༌། བོད་ཀྱི་མི་རབས་གསར་པ་རྣམས་ཀྱི་སེམས་ ཁམས་སུའང་བོད་མི་རིགས་ཀྱི་རྒྱལ་ཞེན་ལ་རྒྱ་དང་། ལྷག་བསམ་སྙིང་སྟོབས། བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་གསར་པ་ཞིག་བསྐྲུན་ཡོད་པ་རེད། ལྷག་པར་དུ་རྒྱལ་གཅེས་དཔའ་བོ་དམ་པ་ཁོང་གི་ཞལ་ཆེམས་ནང་གལ་ཆེ་ཤོས་ཤིག་ནི་བོད་རང་བཙན་ལན་རྒྱུ་དང་བོད་མི་ནང་ཁུལ་རྡོག་རྩ་ཆིག་ སྒྲིལ་དགོས་གལ་ཆེ་བ་གསུངས་ཡོད་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཆིག་སྒྲིལ་གྱི་མེ་ལྕེ་ཞེས་པའི་གཞི་རྒྱ་ཆེ་བའི་ལས་འགུལ་ ཞིག་རྒྱལ་སྤྱིའི་ནང་སྤེལ་བ་དང་ལྷན་རྒྱལ་གཅེས་དམ་པ་ཁོང་གིས་ཆེས་མཐའ་མར་སྒྲེང་འཛུགས་གནང་བའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་ དེ་བཞིན་འགྲེམས་སྟོན་ཞུ་རྒྱུ་ཡིན།

རྒྱལ་དར་དེས་བོད་རང་བཙན་རྒྱལ་ཁབ་དེ་བཞིན་དགྲ་བོ་རྒྱ་དམར་སྲིད་གཞུང་གིས་དྲག་པོས་བཙན་འཕྲོག་བྱས་པ་དྲན་སྐུལ་ཞུ་ཆེད་ཀྱི་མཚོན་དོན་ཞིག་ཡིན་པ་མ་ཟད། རྒྱལ་དར་འདི་ནི་རྒྱལ་དར་གཞན་དང་མི་འདྲ་བར་བོད་མི་རྣམས་ཀྱི་མངོན་འདོད་དང༌། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་བློས་གཏོང༌། སྙིང་སྟོབས། དེ་བཞིན་བོད་རང་དབང་རང་བཙན་ཐོབ་པའི་རེ་བ་བཅས་མཚོན་གྱི་ཡོད། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་ཞལ་ཆེམས་ནང་སྙིང་དོན་གཞན་ཞིག་ནི་ད་ལྟ་བོད་མི་ཚོ་ལ་ཆབ་སྲིད་ཀྱི་དཀའ་ངལ་ དང་རང་དབང་ཡོངས་སུ་རྫོགས་པ་མེད་པ་དེ་བོད་རང་བཙན་ཤོར་བའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་རེད། ཅེས་གསུངས་པ་ལྟར་ང་ཚོས་ བོད་རང་བཙན་ཚུར་ལེན་ཐབས་སུ་བོད་ནང་གི་བོད་མི་ཚོའི་ཛ་དྲག་གི་གནས་བབ་དང་མངོན་འདོད་གཞིར་བཞག་གི་ཐོག་བཙན་བྱོལ་རང་ དབང་ལུང་པའི་ནང་གནས་བཞུགས་བོད་མི་སྤྱི་སྒེར་ཡོངས་ནས་རྡོག་རྩ་ཆིག་སྒྲིལ་གྱིས་རྒྱལ་སྤྱིའི་ཐོག་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་རྒྱུར་སྔར་ལྷག་སྒོ་གང་ས་ནས་ཤུགས་སྣོན་རྒྱག་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན།

ཆིག་སྒྲིལ་གྱི་མེ་ལྕེ་ཞེས་པའི་ལས་འགུལ་འདི་ནི་རྒྱལ་གཅེས་དཔའ་བོ་ཚོར་ཆེ་བསྟོད་དང་རྒྱལ་སྤྱིའི་སྐོར་སྐྱོད་ཙམ་མ་ཡིན་པར་འདི་ ནི་འཛམ་གླིང་གི་བོད་རིགས་སྤུན་ཟླ་ཡོངས་རྡོག་རྩ་ཆིག་སྒྲིལ་གྱིས་མ་འོངས་བོད་ཀྱི་བདེན་མཐའ་སེལ་སླད་ཆིག་སྒྲིལ་གྱི་མེ་ལྕེའི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཞིག་ཡིན། །

མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང༌། ཐུགས་ཀྱི་བཞེས་དགོངས་མཐའ་དག་གེགས་མེད་ལྷུན་དུ་འགྲུབ་ནས་གཞིས་བྱེས་བོད་མི་མཉམ་འཛོམས་ཐོག་བདེ་སྐྱིད་ཀྱི་ཉི་མ་མགྱོགས་ནས་ མྱུར་དུ་འཆར་བའི་སྨོན་འདུན་གྲངས་མེད་དང་བཅས། ། ཞེས་གསུངས་སོང་།