18
Thu, Dec
8 རྩོམ་གསར།

བོད་ཁམས་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་བོད་མི་༨༠་ཙམ་འཛིན་བཟུང་བྱས་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག

བོད་ཁམས་རྫ་ཆུ་ཁར་རྒྱ་མི་ཚོས་གསེར་གྱི་གཏེར་ཁ་སྔོག་འདོན་བྱེད་བཞིན་པའི་རྣམ་པ།

བོད་ཡུལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥་ཟླ་༡༢ ཚེས་༡༦ ཉིན་སྤེལ། ཟླ་སྔོན་མའི་ནང་བོད་ཁམས་རྫ་ཆུ་ཁར་རྒྱ་མི་ཚོས་གསེར་གྱི་གཏེར་ཁ་སྔོག་འདོན་བྱེད་སྐབས། ས་གནས་མི་མང་གིས་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པར་རྒྱ་གཞུང་གི་ཉེན་རྟོག་པས་བོད་མི་ཚོར་བཅར་རྡུང་དང་འཛིན་བཟུང་བྱས་ནས་རྫོང་ཐོག་ཏུ་བཙན་ཁྲིད་བྱས་ཡོད་འདུག བོད་མི་ཚོ་ད་དུང་ཡང་གློད་གྲོལ་གཏོང་མེད་པ་མ་ཟད་བོད་མི་ཁག་ཅིག་གར་སོང་ཆ་མེད་དུ་གྱུར་ཡོད་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཉིན་དགུང་ཆུ་ཚོད་༢ པའི་ཐོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ། ཉམས་ཞིབ་ཁང་དེའི་འགན་འཛིན་གཞོན་པ་བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་ཁམས་རྫ་ཆུ་ཁར་རྒྱ་མི་ཡིས་གཏེར་ཁ་སྔོག་འདོན་དང་བོད་མི་གྲངས་བརྒྱད་བཅུ་ལྷག་འཛིན་བཟུང་བྱས་པའི་ཛ་དྲག་གི་གནས་ཚུལ་སྐོར་གསར་འགོད་ལྷན་ཚོགས་ཤིག་བསྐོ་འཚོགས་གནང་སོང་། སྐབས་དེར། ཁོང་གིས་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཁམས་རྫ་ཆུ་ཁ་ཀ་བཞི་སྡེ་བ་རུ། ཕྱི་ལོ་ ༢༠༢༥ ཟླ་༡༡ པའི་ཚེས་༥ ཉིན་རྒྱབ་ཆུ་ཚོད་༣ དང་སྐར༡༡ སྟེང་། གསེར་ཁོག་ཞེས་པའི་ཀ་བཞི་ས་ཆ་དེར་གཏེར་ཁ་སྔོག་འདོན་བྱེད་པར་ཀ་བཞིའི་ཡུལ་མི་དག་གིས་མཐོང་ནས་བཀག་འགོག་དང་ཡུལ་མི་ཚོས་ས་གནས་འགོ་ཁྲིད་དག་ལ་ཡར་ཞུ་བྱས་པས། འགོ་ཁྲིད་དག་གིས་ཁོང་རྣམས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཚབ་ལ་། ཁྱེད་རང་ཚོར་ཐད་ཇུས་ཡོད་མ་རེད། ས་གཞི་འདིའི་བདག་དབང་ཡོངས་རྫོགས་ཀྲུང་གོ་རྒྱལ་ཁབ་ལ་ཡོད་རེད། ང་ཚོས་རྟོག་ཞིབ་དང་ཐག་གཅོད་ཡོང་ཅེས་ཧམ་རྫུན་དང་། ཁྱོད་རང་ཚོས་གསེར་བརྐོ་བར་བཀག་འགོག་བྱས་པ་ནོར་འཁྲུལ་ཡིན་རབས་བརྗོད་ཡོད་འདུག

དེ་ནས་ཡུལ་མི་ཚོ་འུ་ཐུག་ཐབས་ཟད་ཀྱིས་ངོས་ལེན་བྱེད་མ་ཐུབ་པར་ཁ་རྩོད་ཤོར་ཡོད་འདུག ཕྱི་ཚེས་༦ དགོང་དྲོ་ཆུ་ཚོད་༦ དང་སྐར་༥༠ སྟེང་ཀ་བཞི་ཡུལ་ཚོ་ནས་མི་མང་རིམ་བཞིན་འཛིན་བཟུང་བྱེད་འགོ་བཙུགས་ནས་སེར་ཤུལ་རྫོང་ལ་བཙན་ཁྲིད་བྱས་ཏེ། ཉེས་རྡུང་དང་བཀག་ཉར་བྱས་དང་བྱེད་བཞིན་པར་མ་ཚད་བོད་མི་ཁ་ཤས་ཤིག་གར་སོང་ཆ་མེད་དུ་གྱུར་ཡོད་འདུག ད་ལྟའི་ཆར་བོད་མི་བརྒྱད་ཅུ་ཡས་མས་ཤིག་འཛིན་བཟུང་དང་ཉེས་རྡུང་བཏང་བར་བཤད་པ་ལས། གྲངས་ཚད་དང་མཇུག་འབྲས་ཇི་ཡོང་བཤད་ཚོད་མི་ཐུག་པའི་གནས་ཚུལ་ཐོན་འདུག

ཐེངས་འདིའི་གནས་ཚུལ་བྱུང་སྐབས་སེར་ཤུལ་རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་དང་། དྲག་ཆས་ཉེན་རྟོག་པ། དམག་མི། ཡུལ་ཚོའི་འགོ་ཁྲིད་བཅས་ཀྱིས་ཀ་བཞིའི་ཡུལ་ལུང་ཡོངས་རྫོགས་མཐའ་བསྐོར་བ་མ་ཟད། སྐབས་དེར་ཚོགས་འདུ་ཞིག་ཚོགས་ནས་འགོ་ཁྲིད་ཚོས་བཤད་དོན། གནས་ཚུལ་འདི་གོང་རིམ་དང་རྒྱལ་སྤྱིའི་ཕྱི་ཕྱོགས་སུ་གཏན་ནས་གཏང་མི་ཆོག གལ་སྲིད་གནས་ཚུལ་དེ་འདྲ་བྱུང་ན་ཁྲིམས་འགལ་ཚབ་ཆེན་ཡིན་ཞེས་སྡིག་ར་བཏང་བ་དང་། ཁྱིམ་ཚང་རེ་རེའི་ནང་དུ་དམག་མི་དག་བཙན་འཛུལ་བྱས་ཏེ་ཁ་པར་སྔོག་གཤེར་ནན་པོ་བྱས་ཡོད་འདུག ད་ལྟའི་ཆར་སྲང་ལམ་གང་སར་དྲག་ཆས་དམག་མི་འགྲེམས་འཇོག་བྱས་ནས། ཡུལ་མི་ཚོས་མིག་གི་ལྟ་སྟངས་ཞིག་འགྲིག་མིན་ཙམ་གྱིས་ཀྱང་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་ འདུག

གཏེར་ཁ་སྔོག་འདོན་བྱས་པ་དེ་ཐེངས་དང་པོ་མིན་པར་༡༩༩༠ ནང་ནས་ད་ལྟའི་བར་གཏེར་ཁ་སྔོག་འདོན་བྱས་པའི་གནས་ཚུལ་ཐེངས་མང་བྱུང་ཡོད་པ་རེད། ཡུལ་མི་ཚོས་བཤད་པ་ལྟར་ན་གསེར་བརྐོས་དོན་རྐྱེན་དེ་དག་གི་རྒྱབ་ཏུ། སེར་ཤུལ་རྫོང་གི་དཔོན་རིགས་དང་། ས་གནས་འགོ་ཁྲིད། ཚོང་པ་འགའ་ཞིག་གིས་ངན་པ་ལག་འབྲེལ་དང་ལྐོག་ཟ་བྱེད་བཞིན་ཡོད་འདུག སྤྱིར་བཏང་ཁམས་རྫ་ཆུ་ཁར་རྒྱ་ནག་གཞུང་གིས་ཡར་རྒྱས་ལ་ཁ་གཡར་ནས་ས་གནས་དེ་ཆུ་མཛོད་གསར་རྒྱག་དང་རྫ་ཆུ་འབག་གཙོག ས་གཞི་སྔོག་འདོན་གྱིས་མཚོན་པའི་འཁོར་ཡུག་གཏོར་སྐྱོན་ཚབ་ཆེན་བཏང་ཡོད་པར་མ་ཟད། ནམ་རྒྱུན་དུའང་ཀ་བཞི་ཡུལ་ཚོའི་འགོ་ཁྲིད་དག་གིས་རྒྱ་མིའི་རྒྱུག་ཁྱི་བྱས་ནས། ཀ་བཞི་དགོན་པའི་དུས་མཆོད་འཚོགས་སྐབས་དགེ་འདུན་པ་བཞི་རེ་ཙམ་ལས་འཚོགས་མི་ཆོག་པ་དང་། མི་མང་གི་མ་ཎི་འཚོགས་མི་ཆོག་པ། དམིགས་བསལ་དུས་ཆེན་སྐབས་རྒན་ཁོག་གཅིག་ཀྱང་གླིང་སྐོར་ལ་འགྲོ་མི་བཅུག་པ། མི་གྲངས་བཅུ་ལས་མང་བ་འདུ་འཛོམས་བྱེད་མི་ཆོག་པ། སློབ་ཕྲུག་ཚོའི་གུང་སེང་སྐབས་རིག་གཞུང་ཟབ་སྦྱོང་འཛིན་གྲྭ་ཚོགས་མི་ཆོག་པ་སོགས་བྱེད་སྒོ་སྣ་ཚོགས་ཤིག་ལའང་གནས་ཚུལ་རྫུན་མ་མང་དག་ཞིག་ལ་ཁ་གཡར་ནས་བཙན་འགོག་ལན་གཅིག་ཙམ་མིན་པར་བྱེད་དང་བྱེད་བཞིན་ཡོད་པ་རེད། ད་ལྟའི་ཆར་ཧ་ཅང་ཛ་དྲག་གི་གནས་ཚུལ་བྱུང་བཞིན་པར་བརྟེན། འབྲེལ་ལམ་སོགས་ཀྱི་སྐོར་དམ་དྲག་ཤུགས་ཆེན་བྱེད་བཞིན་་ཡོད་པར་བརྟེན་གནས་ཚུལ་ཞིབ་ཕྲ་རག་ཐབས་མི་འདུག

ཕྱི་ལོ་༢༠༢༥་ཟླ་༡༢ པའི་ནང་གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་བ་གཞི་ན། འཛིན་བཟུང་བཀག་ཉར་བྱས་པ་དེ་དག་ལ་ཉིན་མཚན་འགའ་ལ་གཅིན་སྐྱག་གཏང་མི་བཅུག་པ་དང་གཉིད་ཁུག་མི་བཅུག་པ། ཉིན་རེར་རྩམ་ཆུ་གྲང་མོ་ཏོག་ཙམ་ལས་ཟ་མ་གང་ཡང་མི་སྤྲད་པ། ཉེས་བརྡུང་བཏང་ནས་འགའ་ཞིག་རྩིབ་མ་བཅག་པ། འགའ་ཞིག་མཁལ་མ་ནད་པ་ཆགས་པ་དང་། གཟུགས་པོ་སྐྱོ་བོ་ཆགས་པ། ཁ་ཤས་གློ་ནད་བསྐྱར་ལོག་རྒྱབ་པ། སེར་ཤུལ་རྫོང་གི་སྨན་ཁང་ནས་བརྟག་དཔྱད་བྱས་ཀྱང་མཇུག་འབྲས་ཇི་བཞིན་སྤྲད་མ་བཅུག་པ། གནས་ཚུལ་ཕྱི་ཕྱོགས་སུ་མི་གཏང་བའི་ཁས་ལེན་དང་འབྲེལ་བའི་མཚན་རྟགས་བསྡུ་རུབ་བྱས་པ། རྗེས་སུ་རྒན་རབས་པ་མང་པོ་ཞིག་འཛིན་བཟུང་དང་དེ་དག་གི་ཁ་པར་ཞིབ་གཤེར་དོ་ནན་བྱས་ནས་དེ་དག་འདྲི་རྩད་དང་སློབ་གསོ་བཏང་རྗེས་ནང་ལ་བཏང་བ་དང་། སླར་ཡང་ཉིན་གཅིག་གཉིས་ཀྱི་རྗེས་སུ་འབོད་འགུག་བྱས་ནས་འདྲི་རྩད་དང་། ལག་ཐོག་ཁ་པར་ཞིབ་གཤེར་གྱིས་གནས་ཚུལ་ཕྱི་ཕྱོགས་སུ་བསྐྱལ་ཡོད་མེད་དོ་ནན་བྱེད་བཞིན་ཡོད་འདུག ཕྱི་ཟླ་ ༡༡ ནང་འཛིན་བཟུང་བྱས་པ་དེ་དག་ལས་མི་བདུན་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་འདུག ས་གནས་དེར་གསར་འགོད་པ་འབྱོར་སྐབས་གཞུང་གིས་བཀའ་མངག་ཡོད་པའི་མི་མ་གཏོགས་མི་སེར་སུ་གང་གིས་སྐད་ཆ་བཤད་མི་ཆོག་པར་བཟོས་ཡོད་འདུག ད་དུང་ཡུལ་མི་ཚང་ཚོའི་ཁྱིམ་དུ་གློག་མིག་དང་སྒྲ་འཇུག་འཕྲུལ་ཆས་སོགས་བཞག་ནས་ནང་མིའི་སྐད་ཆ་དང་འགྲོ་འདུག་རང་དབང་འཕྲོག་བཞིན་ཡོད་འདུག