ཕྱི་ལོ་༢༠༢༥ ཟླ་༥ ཚེས་༡༤ ཉིན། བཞུགས་སྒར་དྷ་རམ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། འབུམ་རམས་པ་ཀུན་བཟང་སྒྲོལ་མ་ལགས་ཀྱི་དཔྱད་རྩོམ་བཙན་བྱོལ་སྐྱེས་མ་དང་རྩོམ་རིག་ཞེས་པའི་དབྱིན་སྐད་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་། དཔྱད་དེབ་དེའི་ནང་དུ་བཙན་བྱོལ་ནང་གི་བུད་མེད་རྩོམ་པ་པོ་དང་རྩོམ་མཁན་བུད་མེད་ཁྱོན་༧༨་མིང་འདོན་གནང་ཡོད་པ་མ་ཟད། དམིགས་བསམ་དབྱིན་སྐད་དང་བོད་སྐད་ནང་རྩོམ་འབྲི་མཁན་བོད་ཀྱི་བུད་མེད་ལྔ་ཡི་རྩོམ་ཆོས་ཐོག་དཔྱད་རྩོམ་སྤེལ་འདུག
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག བཞུགས་སྒར་དྷ་རམ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བཙན་བྱོལ་སྐྱེས་མ་དང་རྩོམ་རིག་ཞེས་པའི་དབྱིན་སྐད་དཔྱད་རྩོམ་དཔེ་དེབ་དབུ་འབྱེད་མཛད་སྒོ་ཞིག་ཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་ནི་བོད་ཀྱི་དཔེ་མཛོད་ཁང་གི་རིག་གནས་སློབ་དཔོན་ནཱ་ག་སངས་རྒྱས་བསྟན་དར་ལགས་དང་། སྐུ་མགྲོན་གཞན་ནི་སྤྱི་འཐུས་པདྨ་མཚོ་ལགས་དང་། བུད་མེད་རྩོམ་པ་པོ་ཉི་མ་འཚོ་ལགས། དགེ་བཤེས་བློ་བཟང་སྨོན་ལམ་ལགས། རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས། ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས། ཡིག་སྒྱུར་བ་ཆོས་རྒྱལ་སྐྱབས་ལགས་བཅས་རེད་འདུག ཚོགས་བཅར་ནི་སྤྱི་འཐུས་ཁག་ཅིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད། ཤེས་ཡོན་པ་བཅས་ཁག་ཅིག་ཕེབས་གནང་འདུག
ཐོག་མར། སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་རིག་གནས་སློབ་དཔོན་ནཱ་ག་སངས་རྒྱས་བསྟན་དར་ལགས་ནས་སྣང་གསལ་མར་མེ་ཞལ་འབྱེད་གནང་སོང་། དེ་ནས་སྤྱི་འཐུས་པདྨ་མཚོ་ལགས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སོང་། སྐབས་དེར། ཁོང་མོས་ཀུན་བཟང་སྒྲོལ་མ་ལགས་ནི་བོད་ནང་སློབ་སྦྱོང་གོ་སྐབས་ཐོབ་མེད་ཀྱང་བཙན་བྱོལ་ནང་སླེབས་ནས་སློབ་སྦྱོང་བྱས་ནས་ད་ལྟར་མོ་རང་འབུམ་རམས་པ་ཆགས་ཡོད་པ་ནི་མིག་དཔེ་ལྟ་འོས་པ་དང་རྗེས་སུ་ཡིད་རངས་ཞུ་ཡི་ཡོད་ཅེས་སོགས་བརྗོད་སོང་།
དེ་ནས་སྐུ་མགྲོན་གཙོ་བོ་དང་སྐུ་གཞན་རྣམས་ཀྱིས་བཙན་བྱོལ་སྐྱེས་མ་དང་རྩོམ་རིག་ཞེས་པའི་དཔྱད་རྩོམ་དཔེ་དེབ་དེ་དབུ་འབྱེད་གནང་སོང་། དེའི་རྗེས། འབུམ་རམས་པ་ཀུན་བཟང་སྒྲོལ་མ་ནས་བཙན་བྱོལ་སྐྱེས་མ་དང་རྩོམ་རིག་ཞེས་པའི་བརྩམས་ཆོས་དང་འབྲེལ་བའི་གཏམབཤད་གནང་དོན། དཔྱད་རྩོམ་དཔེ་དེབ་འདིའི་ནང་བཙན་བྱོལ་ནང་རྩོམ་པ་པོ་དང་རྩོམ་འབྲི་མཁན་བོད་ཀྱི་བུད་མེད་༧༩་བཏོན་སོང་། དེ་དག་ནང་ནས་དབྱིན་ཡིག་ནང་འབྲི་མཁན་སྡོམ་པ་ཚང་ཚེ་རིང་དབང་མོ་ལགས་དང་། བསྟན་འཛིན་བདེ་སྐྱིད་ལགས། ཚེ་རིང་དབྱངས་འཛོམས་ལགས། སྒྱུལ་རྩལ་པ་མོང་བཟའ་པད་དཀར་ལགས། བོད་ཡིག་ནང་འབྲི་མཁན་ཉི་མ་འཚོ་ལགས་བཅས་ཀྱི་བརྩམས་ཆོས་ཐོག་དཔྱད་རྩོམ་སྤེལ་ཡོད། གཞན་ཡང་། ངའི་དེབ་གཉིས་པ་ནང་ནས་བོད་ནང་གི་བུད་མེད་རྩོམ་པ་པོ་དེ་ཚོའི་སྐོར་བྲིས་ཡོད། ཁོང་ཚོས་རྒྱ་དམར་འོག་ནས་རང་དབང་དང་ཐོབ་ཐང་མེད་སྟབས་ང་ཚོ་བཙན་བྱོལ་ནང་ཡོད་པའི་བུད་མེད་ཚོས་ཁོང་ཚོའི་ཚབ་བྱས་ནས་འབྲི་ཐུབ་དགོས་པར་ང་ཚོའི་འགན་བསམ་བཞིན་འདུག་ཅེས་བརྗོད་སོང་།
དེ་ནས་བོད་ཀྱི་བུད་མེད་རྩོམ་པ་པོ་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་ཀྱི་མཛད་སྒོ་དང་འབྲེལ་བའི་གསུང་བཤད་བརྙན་ཐུང་གཟིགས་འབུལ་ཞུས་སོང་། དེའི་རྗེས། འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ནས་དུས་རབས་དང་མཐུན་པའི་འཕྲུལ་ལས་རིག་པའི་ཤེས་བྱ་ལ་བུད་མེད་ཀྱི་དོ་སྣང་བྱེད་དགོས་པའི་སྐོར་གཏམ་བཤད་གནང་དོན། བུད་མེད་ཀྱི་ནུས་པ་སྤྱི་ཚོགས་ལ་ཕན་ཐོགས་ག་ཚོད་ཡོང་གི་ཡོད་མེད་དེ་བུད་མེད་རང་ཉིད་ལ་དེང་སང་ཤེས་ཡོན་དང་ནུས་པ་ཡོད་མེད་ལ་རག་ལས་ཡོད། སྔོན་མའི་དུས་སུ་མིའི་ལུས་པོའི་སྟོབས་ཤུགས་ལ་རག་ལས་ཡོད། འོན་ཀྱང་། དེང་སངས་ཤེས་ཡོན་དང་ནུས་པར་རག་ལས་ཡོད། སྤྱིར་བཏང་བུད་མེད་དང་སྐྱེས་པ་འདྲ་མཉམ་འདྲ་ཡིན། འོན་ཀྱང་བུད་མེད་ལ་ཞིབ་ཕྲ་བ་སོགས་ཀྱི་ནུས་པ་ཡོད། འོན་ཀྱང་བཙན་བྱོལ་ནང་དུ་བུད་མེད་ཚོ་མང་ཆེ་བ་སྨན་ཞབས་བྱས་དང་བྱེད་བཞིན་འདུག གཞན་བུད་མེད་ཚོས་འཚོ་བའི་ཆེད་དུ་དུས་ཚོད་ཡོད་ཚད་གཏོང་གི་འདུག བུད་མེད་ཡར་རྒྱས་འགྲོ་མ་ཐུབ་ན་སྤྱི་ཚོགས་ཡར་རྒྱས་འགྲོ་ཐུབ་ཀྱི་མ་རེད། བོད་ཀྱི་བུད་མེད་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཡག་པོ་ཤེས་ན་བྱིས་པ་ཚོར་བསླབས་ནས་བྱིས་པ་ཚོ་ཡག་པོ་ཤེས་ཀྱི་རེད། དེང་སང་འཛམ་གླིང་ནང་འཕྲུལ་རིག་དར་བའི་སྒང་རེད། དེར་བརྟེན་མིས་བཟོས་རིག་ནུས་ཐོག་གཞོན་སྐྱེས་ཚོས་ཤུགས་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།
བུད་མེད་རྩོམ་པ་པོ་ཉི་མ་འཚོ་ལགས་ནས་བཙན་བྱོལ་སྐྱེས་མ་དང་དེའི་ལས་འགན་སྐོར་གཏམ་བཤད་གནང་སྐབས། བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་དབྱངས་འཛོམས་དང་། ཚེ་རིང་དབང་མོ་གཉིས་ཀྱི་བརྩམས་ཆོས་ལ་བསྔགས་བརྗོད་དང་། བཙན་བྱོལ་བུད་མེད་ཚོས་རང་ཉིད་བྱིས་པར་རང་གི་སྐད་ཡིག་དང་རིག་གཞུང་སློབ་རྒྱུའི་འགན་འཁྲི་དམིགས་བསལ་ཡོད་སྐོར་སོགས་བརྗོད་སོང་།
ཡིག་སྒྱུར་བ་ཆོས་རྒྱལ་སྐྱབས་ལགས་ནས་ཕྱི་ལོ་ ༢༠༢༤ ལོའི་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཀོ་རི་ཡའི་བུད་མེད་རྩོམ་པ་པོ་གྲགས་ཅན་ཧན་ཁང་(Han Kang)ལགས་ཀྱི་བརྩམས་ཆོས་དང་འབྲེལ་ཏེ། བོད་ཀྱི་བུད་མེད་ཀྱི་བརྩམས་ཆོས་རྣམས་སྐད་ཡིག་གཞན་གྱི་ནང་བསྒྱུར་གལ་ཆེ་བའི་སྐོར་ལ་གཏམ་བཤད་གནང་སྐབས། ལྷོ་ཀོ་རི་ཡའི་འཇམ་པའི་སྟོབས་ཤུགས་ནི་གཞས་དང་། གློག་བརྙན། ཁ་ལག མཛེས་བཟོ་སྐོར་ཡིན་སྐོར། དུས་ཀྱི་འགྲོས་དང་མཐུན་པའི་གསར་གཏོད་དགོས་སྐོར། བོད་ཀྱི་བུད་མེད་རྩོམ་པ་པོ་ཁག་གི་བརྩམས་ཆོས་དབྱིན་འགྱུར་མ་གང་མང་ཐོན་པའི་རེ་བ་ཡོད་སྐོར། ཧན་ཁང་གིས་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཐོབ་པ་ནང་བཞིན། བོད་པའི་རྩོམ་པ་པོ་ཚོས་ནོ་སྦེལ་གཟེངས་རྟགས་རག་ཐབས་གཏོང་དགོས་སྐོར་སོགས་བརྗོད་སོང་།
རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་ནས་བག་ལེབ་དང་ཡི་གེ་ཞེས་པའི་ཐོག་ལ་གཏམ་བཤད་གནང་སྐབས། བུད་མེད་རྩོམ་པ་པོ་འབྱུང་ཐབས་ལ་བུད་མེད་ལ་རང་དབང་དང་མཐུན་རྐྱེན་དགོས་རེད། བུད་མེད་རྩོམ་པ་པོ་མཐུན་རྐྱེན་མེད་ན་རྩོམ་པ་པོ་འབྱུང་ཐུབ་ཀྱི་མ་རེད། རྩོམ་པ་པོར་དམིགས་བསལ་ནང་མིའི་རྒྱབ་སྐྱོར་དང་རོགས་རམ་དགོས་སྐོར་བརྗོད་སོང་།
ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས་བོད་ཀྱི་ལོ་རྒྱུས་ནང་གི་བུད་མེད་རྩོམ་པ་པོ་གྲགས་ཅན་གྱི་བརྩམས་ཆོས་སྐོར་ལ་གཏམ་བཤད་གནང་དོན། སྒྱུལ་རྩལ་རྩོམ་རིག་རྩ་བ་དེ་ཨ་མ་ནས་ཡོང་གི་ཡོད། ཨ་མས་གཏམ་དཔེ། གབ་ཚིག སྒྲུང་དེ་ཚོ་རང་ཉིད་བྱིས་པར་བཤད་ཀྱི་ཡོད། སྒྱུལ་རྩལ་ནི་ངག་གི་རྩལ་ནས་ཡོང་གི་ཡོད་རེད་བསམས། བོད་ཀྱི་ལོ་རྒྱུས་ནང་བུད་མེད་རྩོམ་པ་པོ་སྐད་གྲགས་ཅན་ཡོད་རེད། འོན་ཀྱང་གྲངས་ཀ་ཉུང་ཉུང་རེད། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མ་གཅིག་ལབ་སྒྲོན། མཁའ་འགྲོ་ཀུན་བཟང་བདེ་སྐྱོང་དབང་མོ་སོགས་ཡོད་རེད་ཅེས་བརྗོད་སོང་།
མཐའ་མར། སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་རིག་གནས་སློབ་དཔོན་ནཱ་ག་སངས་རྒྱས་བསྟན་དར་ལགས་ནས་གཏམ་བཤད་གནང་དོན། བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་སྐད་ཡིག་ནང་ཕྱི་ལོ་༢༠༢༠ ནས་ད་བར་བུད་མེད་ཀྱིས་བརྩམས་པའི་དཔེ་དེབ་དྲུག་དཔར་བསྐྲུན་བྱས་པ་རེད། དེ་སྔོན་བུད་མེད་རང་ནས་བརྩམས་བཞག་པ་དཔར་བ་མི་འདུག གཞན་བཙུན་མ་༡༥ ཡིས་རྒྱ་དམར་བཙོན་ཁང་དུ་དཀའ་སྡུག་མྱོང་བ་སོགས་དང་འབྲེལ་བའི་དཔེ་དེབ་ཅིག་ཡོད་རེད། འོན་ཀྱང་། བཙན་བྱོལ་སྤྱི་ཚོགས་ནང་བུད་མེད་ཚོ་རྗེས་ལུས་ཐེབས་པ་ཚོར་གྱི་མེད། གང་ཡིན་ཟེར་ན་བོད་མི་སྒྲིག་འཛུགས་ནང་ལས་བྱེད་དང་འགོ་ཁྲིད་བྱེད་མཁན་མང་པོ་ཞིག་བུད་མེད་རེད། བོད་དོན་ལས་འགུལ་ནང་ཡང་བུད་མེད་མང་པོ་འདུག བུད་མེད་ཚོས་བསམ་བློ་གཏོང་ཕྱོགས་ཐོག་འགྱུར་བ་གཏོང་དགོས་འདུག བོད་ཀྱི་སྐད་ཡིག་ནང་ནས་མང་ཙམ་འབྲི་དགོས་འདུག ཅེས་བརྗོད་སོང་།