03
Wed, Dec
5 རྩོམ་གསར།

མིས་བཟོས་རིག་ནུས་དང་བོད་ཡིག་བརྡ་འཕྲིན་སྒྲིག་གཅོད་ལག་རྩལ།

འགྲོ་བ་མིའི་ནུས་རྩལ་ལྡན་པའི་ཁྱད་འཕགས་མི་བཟོས་རིག་ནུས། པར༌། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བརྡ་འཕྲིན།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཉེ་བའི་ལོ་ཤས་རིང༌། མིས་བཟོས་རིག་ནུས་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། ཚན་རིག་ཞིབ་འཇུག་གི་ཁྱབ་ཁོངས་སོ་སོར་དེ་བཀོལ་སྤྱོད་བྱེད་ཚད་ཇེ་མཐོ་རུ་འགྲོ་བཞིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད།

མིས་བཟོས་རིག་ནུས་ཀྱི་ལག་རྩལ་དེ་བོད་སྐད་དང་བོད་ཡིག་ལྟ་བུའི་དམིགས་བསལ་གྱི་ཨང་བསྒྲིགས་ཡིག་རིགས་དང་། དེ་བཞིན་ཐ་སྙད་གསར་པ་རྣམས་དང་དེ་དག་ཕབ་སྒྱུར་དང་ཆེས་འཕེལ་རྒྱས་དང་ཡར་རྒྱལ་འགྲོ་བཞིན་པའི་དེང་རབས་ཀྱི་བརྡ་འཕྲིན་ལ་རྗེས་ཟིན་མིན། དམིགས་གསལ་བོད་ནང་དུ་དེ་དག་ལ་ཐག་གཅོད་བྱེད་སྐབས་སུ་གདམ་གའི་དབང་ཚད་ངེས་ཅན་ཡིན་པ། ལྷག་པར་དུ་བེད་སྤྱོད་ཐ་སྙད་སོགས་ཚད་ལྡན་ཡོད་ཀྱང་ཡུལ་དུས་མཁོ་སྤྱོད་ཀྱི་ཁོར་ཡུག་ཞན་པ་སོགས་རྣམ་པ་མི་འདྲ་བའི་དཀའ་ཁག་དང་འཕྲད་བཞིན་ཡོད། དེར་བརྟེན་ཕྱི་བཞུགས་བོད་མི་རྣམས་ནས་དཀའ་ངལ་དེ་དག་གི་ཐོག་ལ་ཐུགས་ཕན་སོས་པའི་ལམ་སྟོན་དང་རོགས་འདེགས་ཐུབ་པ་དང་བསམ་ཚུལ་བརྗེ་རེས་གང་ལ་གང་འཚམས་ཐུབ་རྒྱུ་ནི་དངོས་ཡོད་གནང་སྟངས་ཤིག་ཆགས་ཡོད།

འོན་ཀྱང་བོད་ནང་གི་ཤེས་ལྡན་པ་རྣམས་ལ་མཚོན་ན། ད་བར་བོད་ཡིག་གི་རང་བྱུང་སྐད་བརྡ་སྒྲིག་གཅོད་བྱེད་པའི་ཁྱབ་ཁོངས་སུ་ཡི་གེའི་རིམ་པ་དང༌། མིང་གི་དབྱེ་བ་དང་མིང་གི་དབྱེ་མཚམས་འབྱེད་ལུགས། ཚིག་གི་དབྱེ་བ་དང་གོ་དོན། བརྗོད་པ། ཚིག་དུམ་གྱི་རིམ་པའི་སྒྲིག་གཅོད་སོགས་ཡོད་པར་མ་ཟད། ཡིག་ཆའི་རིགས་དབྱེ་དང་ཚོར་འདུའི་དབྱེ་ཞིབ་སོགས་ལས་འགན་སྣ་མང་ཡོད་ལ་དེ་ཚང་མར་ཞིབ་འཇུག་དང་འཚོལ་ཞིབ་རྒྱ་ཁྱབ་བྱས་དང་བྱེད་བཞིན་འདུག་པ་ནི་ཕྱི་བཞུགས་བོད་མི་ཤེས་ལྡན་པ་ཚོས་དམིགས་དཔེ་བལྟ་འོས་པ་ཞིག་ལོས་ཡིན།

བོད་ནང་གི་ཤེས་ལྡན་པ་རྣམ་པ་མང་པོ་ཞིག་གིས་སྤྱིར་མིང་ཚིག་དང་ཐ་སྙད་གསར་པ་མང་པོ་ཞིག་བསྒྱུར་ཟིན་པ་དེ་དག་དང་དེ་བཞིན་དཔྱད་ཞིབ་གནང་བཞིན་པ་རྣམས་ནས་གང་འཚམས་ཤིག་རྒྱ་ཡིག་ལ་གཞིར་བཞག་ནས་གནང་ཡོད་པ་གསལ་པོ་རེད། མི་བཟོས་རིག་ནུས་ཐོག་མར་དར་ས་ནུབ་ཕྱོགས་རྒྱལ་ཁག་ཏུ་ཡིན་པ་དང་དེ་དག་གི་ཐ་སྙད་མང་པོ་ཞིག་བོད་ཡིག་ལ་མཚོན་ན་མིང་ཚིག་མང་པོ་ཞིག་གསར་བཟོ་གནང་དགོས་པའམ་བོད་ཚིག་མང་པོ་ཞིག་འདེམས་བསྒྱུར་བྱས་ནས་ཐ་སྙད་གསར་པ། མིང་ཚིག་གསར་པ་ཞིག་ཏུ་འགྲུབ་ཐབས་དགོས་པ་རེད། དེར་བརྟེན་དེ་ལྟར་བྱེད་སྐབས་སུ་ཐོག་མར་ཡུལ་ལུང་གང་ནས་བྱུང་སའི་བརྡ་འཕྲིན་རིག་ནུས་ཀྱི་སྐད་ཡིག་དེར་གཞིར་བཅོལ་ཐུབ་ན་མཚམས་རེར་དེ་དག་ལ་གོ་བ་ལེན་ལས་སླ་བ་དང་བསྒྱུར་བདེ་བ། སྦྱོར་བདེ་བ། མིང་ཚིག་གི་གོ་བརྡ་མ་བརླགས་པ། མིང་ཚིག་དང་འབྲེལ་བའི་གོ་བརྡ་ཆ་ཚང་བ་དང་ཚོར་མྱོང་ཆ་གང་བ་སོགས་ལ་ཁྱད་པར་ཏན་ཏན་ཡོད་རྒྱུ་རེད།

བོད་ནང་གི་ཤེས་ལྡན་པ་རྣམས་དང་ལྷག་པར་དུ་གློག་ཀླད་མཉེས་ཆས་སྒེའུ་ཁུངས་བོད་བསྒྱུར་དང་ཐད་ཀར་འབྲེལ་བ་ཡོད་པ། དེ་མིན་མཉེས་ཆས་ཆ་ལག་གསར་ཐོན་ཁག་ལ་བོད་ཡིག་བསྒྲིགས་སྦྱོར་སོགས་ལ་རླབས་ཆེན་གྱི་མཛད་རྗེས་བཞག་གནང་ཡོད་པ་ནི་བོད་ཕྱི་ནང་གཉིས་ཀའི་ཤེས་ལྡན་པ་ཚོས་ཤེས་གསལ་རེད། ཐོག་མར་ཡི་གེའི་རིམ་པའི་སྒྲིག་གཅོད་ནི་བོད་ཡིག་གི་རང་བྱུང་སྐད་བརྡ་སྒྲིག་གཅོད་བྱེད་པའི་རྨང་གཞི་དང་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་ངོས་འཛིན། བོད་ཡིག་ནི་གྲུབ་ཆ་སྣ་མང་སྡེབ་སྒྲིག་བྱས་ནས་གྲུབ་པ་ཞིག་ཡིན་ཞིང༌། དེའི་གྲུབ་ཆའི་ཁྲོད་བོད་ཡིག་གི་གསལ་བྱེད་དང༌། དབྱངས། བོད་ཡིག་གི་གྲངས་ཀ དེ་མིན་དམིགས་བསལ་གྱི་མཚོན་རྟགས་བཅས་ཚུད་པར་གནང་ཡོད། བོད་ཡིག་ནི་གསལ་བྱེད་༣༠དང་དབྱངས་༤ཡིས་སྦྱོར་འབྲི་བྱས་ནས་གྲུབ་པ་ཞིག་ཡིན། བོད་ཡིག་དེ་གཡོན་ནས་གཡས་བར་གྱི་འཕྲེད་ཕྱོགས་སྟར་སྒྲིག་ཡོད་པར་མ་ཟད། གོང་ནས་འོག་བར་གྱི་གཞུང་ཕྱོགས་བརྩེགས་འདོགས་ཀྱང་ཡོད་པས་རྩ་གཉིས་ཀྱི“སྙོམས་ངོས་ཡི་གེའི”རྣམ་པར་གྲུབ་ཡོད། བོད་ཀྱི་བརྡ་སྤྲོད་ཁྲོད་བོད་ཡིག་གི་ཡི་གེའི་གྲུབ་ཚུལ་ལ་སྒྲིག་ཁྲིམས་ནན་མོ་ཡོད་པ་རེད། ཁྱད་ཆོས་འདི་དག་གིས་རྩིས་འཁོར་གྱིས་བོད་ཡིག་ཡི་གེའི་སྒྲིག་གཅོད་ཐད་དཀའ་ཁག་ཀྱང་མང་པོ་བཟོས་ཡོད་པ་རེད། ༢༠༠༧ལོར་ཨ་རིའི་ཕྲ་མཉེན་ཚོང་ལས་ཁང་གིས་བཏོན་པའི་སྒེའུ་ཁུངས་༼Windows Vista༽ མ་ལག་གིས་བོད་ཡིག༼Open type༽བཀོད་འགྲེམ་རེའུ་མིག་ལག་ལེན་བསྟར་བར་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱས་རྗེས། བོད་ཡིག་གི་ཡི་གེ་རིམ་པའི་སྒྲིག་གཅོད་དེ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་རེད། དེའི་རྗེས་སུ་མིང་གི་རིགས་དབྱེ་དང་མིང་མཚམས་དབྱེ་འབྱེད་དེ་བོད་ཡིག་གི་ཆ་འཕྲིན་སྒྲིག་གཅོད་ཀྱི་བྱ་བའི་ཁྱབ་ཁོངས་ཁྲོད་དོན་སྙིང་གལ་ཆེན་ལྡན་ཡོད།

དབྱིན་ཡིག་དང་རྒྱ་ཡིག་གི་མིང་མཚམས་དབྱེ་འབྱེད་ཀྱི་ལག་རྩལ་དེ་ཐད་ཀར་བོད་ཡིག་གི་ཁྲོད་དུ་སྤྱོད་མི་རུང་ལ། དེ་ནི་བོད་ཡིག་ལ་བོད་ཡིག་གི་སྒྲིག་སྲོལ་དང་ཁྱད་ཆོས་ཡོད་པས་རེད། གནད་དོན་དེ་ཐག་གཅོད་བྱེད་ཆེད། ཞིབ་འཇུག་མི་སྣས་སྒྲིག་སྲོལ་དང་བསྡོམས་རྩིས། སློབ་སྦྱོང་ཟབ་མོ་བྱེད་པ་སོགས་ཀྱི་བྱེད་ཐབས་བཏོན་ནས་བོད་ཡིག་གི་མིང་གི་རིགས་དབྱེ་དང་མིང་མཚམས་དབྱེ་འབྱེད་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཀྱིན་ཡོད་མོད། འོན་ཀྱང་སྔར་བཞིན་དཀའ་ཁག་འདྲ་མིན་ཡོད་པ་རེད། དཔེར་ན། དོན་སྣོལ་འགལ་ཅན་གྱི་གནད་དོན་དང་ཐོ་འགོད་མ་བྱས་པའི་མིང་གི་གནད་དོན་སོགས་ཡོད་པ་རེད།
ཚིག་གི་རིམ་པའི་སྒྲིག་གཅོད་ཀྱི་ཐད་ནས། དེ་ལ་མིང་གི་རང་བཞིན་མཆན་འགོད་དང་གཟུགས་ཅན་བཏགས་མིང་གི་ངོས་འཛིན་དང་ཚིག་གི་གྲུབ་ཆའི་དབྱེ་ཞིབ་སོགས་ཀྱི་ལས་འགན་འདུས། ལས་འགན་འདི་དག་ལ་དམིགས་ནས། ཞིབ་འཇུག་མི་སྣས་སྡོམ་རྩིས་ཀྱི་མ་དཔེ་དངCRFསོགས་ཀྱི་ཐབས་ལམ་བཏོན་ཡོད་པ་རེད། མིང་གི་རང་བཞིན་མཆན་འགོད་དང་གཟུགས་ཅན་བཏགས་མིང་གི་ངོས་འཛིན་ཐད་གྲུབ་འབྲས་རེ་འགའ་བླངས་ཡོད་མོད། འོན་ཀྱང་ཚིག་གི་གྲུབ་ཆའི་དབྱེ་ཞིབ་ཐད་མུ་མཐུད་དུ་ཞིབ་འཇུག་བྱེད་དགོས། གཞན་ཡང་ཡིག་ཆའི་རིགས་དབྱེ་དང་ཚོར་འདུའི་དབྱེ་ཞིབ་སོགས་ཀྱི་ཁྱབ་ཁོངས་སུའང་ཞིབ་འཇུག་དང་འཚོལ་ཞིབ་བྱས་ནས་སློབ་སྦྱོང་གཏིང་ཟབ་ཀྱི་ཐབས་ལམ་སྤྱད་ནས་ཡིག་ཆའི་རིགས་དབྱེ་དང་ཚོར་འདུའི་དབྱེ་ཞིབ་ཀྱི་འགན་འཁྲིའི་ཡང་དག་ཚད་མཐོ་རུ་གཏོང་བཞིན་ཡོད། དེར་མ་ཟད་ཚིག་གི་རིམ་པའི་ཞིབ་འཇུག་དེ་ཆ་འཕྲིན་འཚོལ་ལེན་དང་འཕྲུལ་ཆས་ལོ་ཙཱ་སོགས་ཀྱི་ཁྱབ་ཁོངས་སུའང་བཀོལ་སྤྱོད་དང་ཉམས་ཞིབ་བྱེད་བཞིན་ཡོད་མོད། འོན་ཀྱང་བོད་ཡིག་གི་རང་བྱུང་སྐད་བརྡའི་ཆ་འཕྲིན་སྒྲིག་གཅོད་ཀྱི་ཁྱབ་ཁོངས་ཐད་གཞི་གྲངས་དཀོན་པ་དང༌། སྐད་བརྡའི་རྒྱུ་ཆའི་མཛོད་འཚོལ་བསྡུ་དང་མཆན་འགོད་བྱེད་དཀའ་བ། དེ་བཞིན་སྐད་དང་ཡི་གེའི་ཁྱད་ཆོས་ཐག་གཅོད་བྱེད་དཀའ་བ་སོགས་ཀྱི་དབང་གིས་བོད་ཡིག་གི་རང་བྱུང་སྐད་བརྡའི་ཆ་འཕྲིན་སྒྲིག་གཅོད་ཀྱི་འཕེལ་རྒྱས་ལ་བཀག་རྒྱ་ཐེབས་ཡོད།

དེར་བརྟེན་སློབ་ཆུང་དུས་མཚམས་ཀྱི་ཆ་འཕྲིན་ལག་རྩལ་སློབ་ཚན་ཁྲོད་མིས་བཟོས་རིག་ནུས་དང་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ལག་རྩལ་སྤྱོད་པར་དོན་སྙིང་གལ་ཆེན་ལྡན། མིས་བཟོས་རིག་ནུས་དང་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ལག་རྩལ་གྱི་རྨང་གཞིའི་དོན་སྤྱི་དང་ཤེས་བྱ་སོགས་ངོ་སྤྲོད་བྱས་པ་བརྒྱུད། ལག་རྩལ་འདི་དག་སློབ་ཁྲིད་ཁྲོད་དངོས་སུ་ལག་ལེན་བྱེད་ཆོག་པ་རེད། དཔེར་ན། འཕྲུལ་ཆས་སློབ་སྦྱོང་དང་རང་བྱུང་སྐད་བརྡ་སྒྲིག་གཅོད། རྩིས་འཁོར་གྱི་མཐོང་ཚོར་སོགས་གོ་དོན་འགྲེལ་བཤད་དང་ངོ་སྤྲོད་བྱེད་ཆོག་པ་རེད། སྟབས་བདེ་ཞིང་ཤེས་སླ་བའི་དཔེ་བརྗོད་དང་དངོས་དཔེ་ངོ་སྤྲོད་བྱས་པ་བརྒྱུད་སློབ་མ་ཚོར་རྒྱུན་གཏན་འཚོ་བའི་ཁྲོད་བཀོལ་བཞིན་པའི་མིས་བཟོས་རིག་ནུས་ཀྱི་སྐོར་ངོ་སྤྲོད་བྱེད་དགོས་ཤིང་རྒྱུད་ལ་དེའི་སྐོར་གྱི་ཤེས་བྱ་གོམས་སུ་འཇུག་དགོས། དཔེར་ན། སྐད་གདངས་ལག་རོགས་དང༌། རིག་ནུས་འོས་སྦྱོར། པར་རིས་དབྱེ་འབྱེད་སོགས་ཀྱིས་ང་ཚོའི་འཚོ་བར་ཐེབས་པའི་ཤུགས་རྐྱེན་སྐོར་ལྟ་བུ། དེ་དང་ཆབས་ཅིག་སློབ་མའི་གསར་གཏོད་ཀྱི་བསམ་གཞིག་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་གསོ་སྐྱོང་བྱས་ཏེ། ཁོ་ཚོར་ཇི་ལྟར་བྱས་ནས་མིས་བཟོས་རིག་ནུས་ལག་རྩལ་སྤྱད་དེ་དངོས་ཡོད་འཚོ་བའི་ཁྲོད་ཀྱི་དཀའ་གནད་ཐག་གཅོད་ཐད་དུ་བཀོལ་སྤྱོད་བྱེད་རྒྱུའི་སྐོར་འཚོལ་ཞིབ་བྱེད་དུ་འཇུག་དགོས།

བྱེ་བྲག་གི་སློབ་ཁྲིད་ཁྲོད་སློབ་མར་གཞི་རྩའི་བྱ་རིམ་སྒྲིག་བཟོའི་བསམ་གཞིག་དང་རྩི་ཐབས་ཇུས་འགོད་ཀྱི་བློ་སྦྱོང་ལ་སྣེ་ཁྲིད་བྱེད་དགོས་ཤིང༌། བྱ་རིམ་སྒྲིག་གཞིའི་སྐད་བརྡ་དང་མཐོང་ཚོར་ཅན་གྱི་སྒྲིག་ཆས་ལ་བརྟེན་ནས་སློབ་མར་མིས་བཟོས་རིག་ནུས་ཀྱི་རྩི་ཐབས་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ལ་དངོས་སུ་ཉམས་ལེན་བྱེད་དུ་འཇུག་པ་དང༌། ཁོ་ཚོའི་རྩིས་རྒྱག་པའི་བསམ་གཞིག་དང་གཏན་ཚིགས་བསམ་གཞིག་གི་ནུས་པ་གསོ་སྐྱོང་བྱེད་དགོས། དེ་དང་ཆབས་ཅིག་མིས་བཟོས་རིག་ནུས་དང་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་ལག་རྩལ་དང་འབྲེལ་བའི་མི་ཆོས་དང་སྤྱི་ཚོགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་བགྲོ་གླེང་བྱས་ཏེ་སློབ་མའི་ཚན་རིག་དང་མཐུན་པའི་ཀུན་སྤྱོད་ཀྱི་འདུ་ཤེས་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་སྐྱེད་སྲིང་བྱེད་དགོས། དཔེར་ན། མིས་བཟོས་རིག་ནུས་ཀྱི་རྩི་ཐབས་ཕྱོགས་ཞེན་ཅན་དང་སྒེར་གྱི་གསང་དོན་སྲུང་སྐྱོབ་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱས་པ་བརྒྱུད། མིས་བཟོས་རིག་ནུས་ལག་རྩལ་གྱིས་མི་སྒེར་དང་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་ལ་བསམ་གཞིག་བྱེད་པར་ཁྲིད་སྟོན་བྱེད་དགོས་ཤིང༌། ཁོ་ཚོར་ཡང་དག་པའི་སྒོ་ནས་མིས་བཟོས་རིག་ནུས་ལག་རྩལ་བེད་སྤྱོད་དང་འཕེལ་རྒྱས་གཏོང་བར་སློབ་སྟོན་བྱེད་དགོས།

མིས་བཟོས་རིག་ནུས་དང་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་ལག་རྩལ་དེ་དག་ལ་དོ་སྣང་དང་སྤྱི་ཚོགས་གཞན་དང་གོམ་མ་མཉམ་སྤོ་ཐུབ་རྒྱུར་རང་རིགས་གཞོན་སྐྱེས་རྣམས་ལ་མཐུན་རྐྱེན་དང་གོ་སྐབས་བསྐྲུན་དགོས་གལ་ཆེ་བ་ཡིན། དེ་བཞིན་བོད་ཕྱི་ནང་གཉིས་སུ་ཡོད་པའི་སློབ་གཉེར་ཁང་ཆེ་འབྲིང་ཆུང་གསུམ་ཁག་ཡོངས་ལ་འོས་མཚམས་ཀྱི་བརྡ་འཕྲིན་ལག་རྩལ་སློབ་ཚན་ཁྲོད་ཀྱི་ཉེར་སྤྱོད་ཞིབ་འཇུག་བྱེད་པར་སྐུལ་འདེད་གཏོང་ཆེད། སློབ་གྲྭ་དང་སློབ་གསོའི་སྡེ་ཁག་གིས་དགེ་རྒན་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་ཡོད་ཀྱི་བསླབ་དེབ་རྩོམ་སྒྲིག་དང༌། ཐོན་ཁུངས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས་པར་མ་ཟད། ཚན་རིག་ཞིབ་འཇུག་གི་ལས་ཁུངས་དང་ཚན་རིག་ལག་རྩལ་ལས་རིགས་ཐད་ཀྱི་ཁེ་ལས་དང་མཉམ་འབྲེལ་སྒོས་སློབ་གསོ་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་དགོས་པ་རེད། དེ་དང་ཆབས་ཅིག་སློབ་ཚན་ནང་དོན་གྱི་ཆེད་དམིགས་རང་བཞིན་དང་སྐབས་བསྟུན་རང་བཞིན་ལ་དོ་སྣང་བྱས་ཏེ། ཡུལ་བབ་དང་དུས་ཚོད་སོགས་ལ་བསྟུན་ནས་ལོ་ཚད་མི་འདྲ་བའི་སློབ་མའི་སློབ་ཁྲིད་ཀྱི་ནང་དོན་ཇུས་འགོད་བྱེད་པ་དང༌། ཁོ་ཚོའི་སློབ་སྦྱོང་གི་སྤྲོ་སྣང་དང་གསར་གཏོད་ཀྱི་ནུས་པ་འཕེལ་བར་རོགས་འདེགས་བྱེད་དགོས།

མདོར་ན། མིས་བཟོས་རིག་ནུས་དང་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ལག་རྩལ་དེ་སློབ་གཉེར་ཁང་དེ་དག་ཏུ་དུས་མཚམས་ཀྱི་ཆ་འཕྲིན་ལག་རྩལ་སློབ་ཚན་ཁྲོད་བཀོལ་སྤྱོད་དང་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། འབྲེལ་ཡོད་ཤེས་བྱ་དང་ལག་རྩལ་ནང་འདྲེན་བྱས་པ་བརྒྱུད། སློབ་མའི་བརྡ་འཕྲིན་ལག་རྩལ་གྱི་བྱང་ཚད་དང་གསར་གཏོད་ནུས་པ། བོད་ཡིག་བརྡ་འཕྲིན་དང་ཆ་འཕྲིན་གྱི་སྒྲིག་གཅོད་ནུས་པ་མཐོ་རུ་གཏོང་དགོས་པར་མ་ཟད། དེའི་སྐོར་གྱི་འཇོན་མི་གསོ་སྐྱོང་བྱེད་རྒྱུ་དེ་འབྱུང་འགྱུར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམས་པོ་ཡོང་བར་ཕན་ཐོགས་ཡོད་པར་མ་ཟད། འབྲེལ་ཡོད་གཞུང་དང་གཞུང་འབྲེལ་མིན་པའི་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཐད་ལ་དེ་འབྲེལ་གྱི་འཇོན་མི་གསོ་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད་པ་རེད། །