ཕྱི་ལོ་༢༠༢༤ ཟླ་༡༡ ཚེས་༢༠ ཉིན་སྤེལ། ཁ་སང་བོད་ནང་བོད་མི་ཞིག་གིས་བོད་ཀྱི་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་གློད་གྲོལ་བཏང་ཡོད་སྐོར་གྱི་སྙན་ངག་བྲིས་གནང་འདུག རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ལོ་བཞིའི་བཙོན་འཇུག་དུས་ཡུན་རྫོགས་ནས་གློད་གྲོལ་བཏང་ཡོད་འདུག འོན་ཀྱང་། ཁོང་ད་དུང་ཡང་དམ་བསྒྲགས་དང་ལྟ་རྟོག་ནན་པོ་འོག་གནས་ཡོད་འདུག གཞན་ཡང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ཚོང་པ་གྲགས་ཅན་ཀརྨ་བསམ་གྲུབ་ལགས་ཡང་ཁ་སང་བཙོན་འཇུག་དུས་ཡུན་མི་ལོ་༡༥ རྫོགས་ནས་གློད་གྲོལ་གཏོང་ཡོད་འདུག
དེ་ཡང་། ཕྱི་ལོ་༢༠༢༠ ལོའི་ཟླ་༡༢་ཚེས་༢ ཉིན་རྒྱ་གཞུང་གིས་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ལོ་གཅིག་གི་རྗེས་སུ་ཕྱི་ལོ་༢༠༢༡ལོའི་ཟླ་༡༢བའི་ཚེས་༡ ཉིན་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བའི་ཁྲིམས་ཁང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་ཞེས་བའི་ཉེས་མིང་འོག་ལོ་བཞིའི་བཙོན་འཇུག་དང་ལོ་གཉིས་ཀྱི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པའི་ཁྲིམས་ཆད་བཅད་ཡོད་འདུག འོན་ཀྱང་། ཁོང་བཙོན་ཁང་གང་དུ་བཅུག་ཡོད་མེད་སོགས་ཤེས་རྟོགས་བྱུང་མེད། རྩོམ་པ་པོ་ཁོང་ནི་བོད་ཀྱི་རྩོམ་རིག་དང་སྒྱུལ་རྩལ་རང་དབང་དགོས་པའི་ཐོག་རྒྱུན་དུ་གསུང་མཁན་ཞིག་ཡིན་པ་དང་། བོད་ཀྱི་རིག་གཞུང་དང་རྩོམ་རིག་མི་ཉམས་གོང་འཕེལ་ཡོང་ཐབས་ཐོག་སྐུ་ལས་སྐྱོན་མཁན་ཞིག་ཡིན་འདུག
ཟླ་འདིའི་ཚེས་༡༩ ཉིན། ཁོང་གི་མིང་ཐོག་ནས་ཤིས་པར་གྱུར་ཅིག་ཅེས་པའི་སྙན་ངག་ཅིག་བྲིས་ནས་ཁོང་གློད་གྲོལ་བཏང་ཡོད་པའི་རྣམ་པ་སྟོན་ཡོད་འདུག
ཤིས་པར་གྱུར་ཅིག
རོང་བོ་དགེ་འདུན་ལྷུན་གྲུབ།
༢༠༡༤་༡༡་༡༩
རབ་ཞི་དོན་གཉེར་ལས་ཀྱི་ཤིང་རྟ་འདེད་མཁན་འཕགས་པ་ལྷ་ཡི་ལྷ།།
བདག་གི་སྤྱི་གཙུག་སྡོང་ལོ་གཡོ་བ་བཞིན་གྱུར་དེ་ཡི་སྟེང་དུ་ནི།།
བྱིན་རླབས་རྒྱུན་མི་ཆད་པ་གངྒཱ་བསྐྱིལ་བའི་རལ་ཀློང་ལྟར།།
འཆིང་བྱེད་འགུགས་བྱེད་མི་འཆོལ་མཆོད་པའི་མཛེས་པ་རྟག་ཏུ་ཤིས་པར་སྨོན།།
ལུས་ནི་མི་འགུལ་གྲིབ་མ་མི་གཡོ་བ།། རི་བོ་ལྟར་གྱུར་སེམས་ཀྱི་ཡུས་དག་ཀྱང་།
འཇོ་བ་མ་རྙེད་ཡིད་ནི་གདུང་བྱེད་པ།། བསགས་པའི་ལས་ཀྱིས་བགྱིད་དོ་ཐབས་གཞན་གང་།།
ལོ་ཟླ་ཞག་དང་འགྲོགས་པའི་མིག་ཟུང་བུང་བ་དྲན་པས་མ་བཟུང་བ།།
མཆི་མར་དོན་གྱིས་བསྙེས་ཀྱང་ཨམ་ཚུགས་ཡོན་པོ་དེ་ཡིས་གནས་གང་དུ།།
རྟག་ཏུ་བྱ་ར་བགྱིས་པའི་དྲིན་གྱིས་ཁྱེད་ཅག་ཉེ་བའི་འགྲམ་ཀུན་ཏུ།།
ཞུམ་པར་མ་བྱས་དཔའ་བའི་ངང་ཚུལ་ནམ་ཡང་ཡི་གེར་བྲིས་པའོ།།
བརྩེ་བའི་ནགས་ཀློང་ག་ལ་བར།། རེ་བའི་གོམ་པ་སྤོ་མཛད་པའི།།
ཡབ་ཡུམ་ཕྱག་གི་ཕྲེང་བ་དེས།། ཉི་འོད་གང་དུ་མ་འགགས་སོ།།
སྐུལ་བ་བཞིན་དུ་ལྷ་དེ་དག། མཚོ་ལ་ངང་ངུར་ལྡང་བའི་དཔེ།།
རྟག་ཏུ་སེམས་ལ་འདུ་བ་ཤེས།།
སྐྱབས་ཀྱི་དམ་པ་ཇི་སྙེད་སྤྱན་གྱིས་གཟིགས་པ་མ་ལྷོད་པས།།
ཟགས་པའི་ལུས་པོ་འདི་འང་སྐྱོན་གྱིས་ཡོངས་སུ་བྲལ་བ་ནི།།
ཡར་ཚེས་ཟླ་བ་དང་མཚུངས་པདྨ་གསར་བའི་མཛེས་པ་ལྟར།།
འོད་ཀྱིས་འཚེར་རོ་རྣམ་ཀུན་འདི་ལ་རྣ་བ་ཕྱོགས་པའི་ཚོགས།།
འབྲལ་བ་དང་བྲལ་འཛོམས་པའི་རྩིག་པའི་ངོས།།
རི་མོ་འབྲི་བའི་ལག་པའི་འདུ་བྱེད་ནི།།
སྣ་ཚོགས་འཛུམ་དང་ཉེ་བར་བསྡེབས་པ་ལ།།
རྟག་ཏུ་གཡོ་མེད་ལྷ་རྣམས་ཀྱིས་ནི་སྲུང་གྱུར་ཅིག།
དགེ་འདུན་ལྷུན་གྲུབ་ལགས་ནི་ཕྱི་ལོ་༡༩༧༤ ལོར་བོད་མདོ་སྨན་རེབ་གོང་རྫོང་མདོ་བ་གྲོང་རྡལ་དུ་སྐྱེས། དགུང་ལོ་ཆུང་ཆུང་སྐབས་ནས་གྲྭ་པ་བྱས་ཏེ་རེབ་གོང་དར་ཞིང་དགོན་དུ་ཞུགས་འདུག དེ་ནས་རེབ་གོང་རོང་བོ་དགོན་ཆེན་དང་། བླ་བྲང་བཀྲ་ཤིས་འཁྱིལ། གསེར་རྟ་བླ་རུང་བཅས་སུ་ཚོགས་ཞུགས་དང་ཟུར་ཞུགས་ཀྱིས་སློབ་གཉེར་བྱས་ཡོད་འདུག ཕྱི་ལོ་༡༩༩༤ ལོར་ཁོང་གིས་རྩོམ་ཡིག་དང་སྙན་ངག་འབྲི་མགོ་བརྩམས་ཡོད་པ་དང་ཁོང་གི་སྨྱུག་མིང་ལྷམ་ཀོག་ཅེས་འབོད་ཀྱི་ཡོད། བོད་ཕྱི་ནང་དུ་དགའ་བསུ་ཐོབ་པའི་ཁོང་གི་བརྩམས་ཆོས་ཁག་ནི་ཕྲེང་བ་ནག་པོ་དང་མི་ཚེའི་དབྱངས་རྟ། གླེགས་བམ་དཀར་བོ་སོགས་ཡིན་འདུག དེ་བཞིན་ཁོང་ལ་གཟེངས་རྟགས་མང་པོ་ཐོབ་ཡོད་འདུག ཕྱི་ལོ་༢༠༠༠་ལོ་ནས་ཁོང་གིས་རོང་བོ་དགོན་པ་ནང་དུ་དགེ་རྒན་གནང་ཡོད་འདུག
གཞན་ཡང་། ཕྱི་ལོ་༢༠༢༤ ཟླ་༡༡ ཚེས་༡༩ ཉིན། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ཚོང་པ་གྲགས་ཅན་ཀརྨ་བསམ་གྲུབ་ལགས་མི་ལོ་༡༥་བཙོན་འཇུག་བྱས་རྗེས་གློད་གྲོལ་གཏོང་ཡོད་འདུག དེ་ཡང་། ཕྱི་ལོ་༢༠༡༠ ཟླ་ ༡ ཚེས་ ༣ ཉིན་རྒྱ་གཞུང་གིས་ཀརྨ་བསམ་འགྲུབ་ལགས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༠ ཟླ་ ༦ ཚེས་ ༢༤ ཉིན་རྒྱ་ནག་ཤིན་ཅང་ཡན་ཆི་རྫོང་ཁྲིམས་ཁང་གིས་ཁོང་ལ་དུར་ས་བསྔོགས་ཏེ་རིག་གཞུང་གི་ཤུལ་དངོས་བརྐུ་འཁྱེར་བྱས་ཡོད་པའི་ནག་ཉེས་བཙུགས་ཏེ་ལོ་ ༡༥ ཡི་བཙོན་འཇུག་ཁྲིམས་ཆད་པ་དང་། མི་ལོ་ ༥ རིང་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པ། རྒྱ་སྒོར་ཆིག་ཁྲིའི་ཉེས་ཆད་བཅས་བཅད་ཡོད་པ་རེད།
ཀརྨ་བསམ་འགྲུབ་ལགས་དང་ཁོང་གི་སྤུན་མཆེད་རིན་ཆེན་བསམ་གྲུབ་ལགས་དང་འཇིགས་མེད་རྣམ་རྒྱལ་ལགས་གསུམ་གྱིས་ཨ་ཆུང་སེང་གེ་གནམ་རྫོང་གི་དྭང་བླངས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞེས་པ་གསར་འཛུགས་གནང་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀ་བྱས་ཡོད་བརྟེན། རྒྱ་གཞུང་གིས་རིན་ཆེན་བསམ་གྲུབ་ལགས་དང་འཇིགས་མེད་རྣམ་རྒྱལ་ལགས་གཉིས་ཕྱི་ལོ་༢༠༠༩་ཟླ་༨་པའི་ནང་འཛིན་བཟུང་བྱས་རྗེས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་ཀ་བྱས་པའི་ཉེས་མིང་འོག་རིན་ཆེན་བསམ་གྲུབ་ལགས་ལ་ལོ་ལྔའི་ བཙོན་འཇུག་ཁྲིམས་ཐག་དང་། འཇིགས་མེད་རྣམ་རྒྱལ་ལགས་ལ་ལོ་གཅིག་དང་ལོ་ཕྱེད་ཙམ་རིང་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་འདུག