ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༧ ཉིན། བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་གོ་སྒྲིག་འོག ༧སྐྱབས་རྗེ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཤིག་ཚོགས་སོང་། སྐབས་དེར། རྣམ་རྒྱལ་གྲྭ་ཚང་གཙོས་པའི་དགོན་པ་ཁག་གི་སྐུ་ཚབ་རྣམ་པས་རིན་པོ་ཆེ་ལ་བཀའ་དྲིན་རྗེས་དྲན་གྱི་ཆེ་བསྟོད་གཟེངས་རྟགས་དང༌། ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་ཕུལ་གནང་སོང་། ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་རྣམ་རྒྱལ་གྲྭ་ཚང་ལ་མི་ལོ་༡༦ ལྷག་མཁན་པོ་གནང་ཡོད་འདུག
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་༨།༣༠་ཡས་མས་ནས་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་ཁྲོམ་ཐོག་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་དབུ་འཛུགས་གནང་སོང་། སྐབས་དེར་དམིགས་བསལ་སྐུ་མགྲོན་རྣམ་པ་དང་། གྲྭ་ཚང་གི་འདུས་མང་། སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག །མཁན་ཟུར་རིན་པོ་ཆེའི་ཞལ་སློབ། ཨི་ཊ་ལི་དང་ཝི་ཐེ་ནམ་ནས་སློབ་མ་ཁྱོན་༡༥༠་ལྷག་དང་མི་མང་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་འགའ་མཉམ་ཞུགས་གནང་སོང་།
ཐོག་མར། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་དཔོན་བློ་བཟང་དར་རྒྱས་ལགས་ནས་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་སོང་། དེ་ནས་༸རྒྱལ་བའི་ཞབས་བརྟན་སོགས་ཞལ་འདོན་གྱི་རིམ་པ་གསུང་སྐུལ་གནང་མཚམས་སུ་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་སོང་། སློབ་སྤྱི་ཟུར་པ་སྐུ་ཞབས་ཀུན་དགའ་རྒྱ་མཚོ་ལགས་ནས་༸སྐྱབས་རྗེ་ཁྲོམ་ཐོག་རིན་པོ་ཆེའི་མཛད་རྣམ་སྙིང་བསྡུས་ངོ་སྤྲོད་གནང་རྗེས། རྣམ་གྲྭ་སློབ་གཉེར་ཁང་གི་སློབ་ཐོན་སློབ་མའི་འཐུས་མི་ནས་སློབ་གཉེར་ཁང་འགྲིམས་པའི་མྱོང་ཚོར་དང་འབྲེལ་བའི་གསུང་བཤད་གནང་སོང་། དེ་ནས་རྣམ་ཟུར་གྱི་འཐུས་མི་སྐལ་ལྡན་བློ་གྲོས་ལགས་ནས་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སོང་། དེའི་རྗེས། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་སློབ་དཔོན་བློ་བཟང་དར་རྒྱས་ལགས་ནས་གསུང་བཤད་གནང་སོང་། དེ་བཞིན་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་ཉང་པོ་བློ་བཟང་བསམ་གཏན་མཆོག་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སོང་།
དེ་ནས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང༌། རྣམ་གྲྭ་སློབ་གཉེར་ཁང་ཐུན་མོང་ནས་༧སྐྱབས་རྗེ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཆེ་བསྟོད་གཟེངས་རྟགས་དང༌། ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་ཕུལ་རྗེས། སྒོ་སོག་བླ་བྲང༌། སེ་ར་བླ་སྤྱི། སེར་སྨད་གྲྭ་ཚང་། སེར་བྱེས་གྲྭ་ཚང་། སེར་བྱེས་སློབ་གྲྭ སེར་བྱེས་འཕྲོད་བསྟེན། སེར་བྱེས་བྱ་བྲལ་ཁང་ཚན། སེར་བྱེས་ཏྲེ་ཧོར་ཁང་ཚན། འབྲས་སྦུངས་ཝ་ཤུལ་མི་ཚན། དགའ་ལྡན་བྱང་རྩེ་སེར་ཀོང་ཁང་ཚན། དགའ་བྱང་རྡོ་ར་ཁང་ཚན། སེར་བྱེད་ཁང་ཨང་༣༡ཤག་ཚང་། སེར་སྨད་གྱོང་པ་བཤག་ཚང་བཅས་ཀྱི་ཕྱག་མཛོད་རྣམ་པས་བཀའ་དྲིན་རྗེས་དྲན་གྱི་གསུང་བཤད་དང་། མཁན་ཟུར་རིན་པོ་ཆེར་ཕྱག་རྟག་འབུལ་ལམ་ཞུས་སོང་། དེ་ནས་ཨི་ཊ་ལི་དགེ་འཕེལ་གླིང་གི་ཞལ་སློབ་འཐུས་མི་ནས་གསུང་བཤད་དང་མཁན་ཟུར་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་སོང་བ་མ་ཟད། ཝི་ཐེ་ནམ་ཕན་བདེ་གླིང་ཆོས་ཚོགས་འཐུས་མི་ནས་གསུང་བཤད་དང་མཁན་ཟུར་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་སོང་།
མཐའ་མར། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་ཟུར་༸སྐྱབས་རྗེ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་རྗེས། རྣམ་རྒྱལ་གྲྭ་ཚང་གི་འཛིན་སྐྱོང་དྲུང་ཆེ་སྐུ་ཞབས་བློ་བཟང་ཆོས་འཕེལ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་གྲོལ་སོང་།