ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༢༧ ཉིན་སྤེལ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ཚོགས་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་དུ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གྱི་ཐོབ་ཐང་ནི་བོད་མི་ཁོ་ནར་ཡོད་པ་མ་གཏོགས་རྒྱ་དམར་སྲིད་གཞུང་ལ་མེད་ཅེས་ནན་བརྗོད་བྱས་འདུག ལྷན་ཚོགས་དེའི་ཐོག་ཨ་རི་གཙོས་པའི་རྒྱལ་ཁབ་ཁག་གི་ཆོས་དད་རང་དབང་དང་འབྲེལ་བའི་མི་སྣ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཡང་ཕེབས་ནས་གསུང་བཤད་གནང་ཡོད་འདུག
དེ་ཡང་། རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐེངས་ལྔ་པ་དེ་ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་ ༡༢ ནས་ ༡༣ བར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ཚོགས་ཡོད་ཅིང་། དེའི་ཐོག ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་པེ་ཊར་པ་ཝེལ་ (Petr Pavel) མཆོག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་ཐད་དམིགས་བསལ་སྙན་སྒྲོན་པ་ན་ཛི་ལ་གྷ་ནི་ (Nazila Ghanea) ལགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཉེ་ཆར་བཙོན་ནས་གློད་བཀྲོལ་བྱུང་བ་མུ་བ་རག་བྷ་ལ་ (Mubarak Bala) ལགས། རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་དཔལ་བཟང་པོ་མཆོག དེ་བཞིན་ཇར་མན་ནས་ཡིན་པའི་ན་ཏ་ལི་ཡ་ཝ་སི་ལི་ཝི་ཆི་ (Natallia Vasilevich) ལགས། ཨ་རིའི་གཞུང་ཚབ་པ་སཱ་མུ་བྷི་རོན་བྷེག་ (Samuel Brownback) ལགས། ཡུ་གུར་ལས་འགུལ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རུ་ཞན་ཨ་བྷ་སི་ (Rushan Abbas) ལགས་བཅས་སོགས་ཕེབས་ནས་གཏམ་བཤད་གནང་ཡོད་འདུག
ལྷན་ཚོགས་དེའི་ཐོག འཛམ་གླིང་གང་སར་སྲིད་གཞུང་ཁག་གི་མི་མང་གི་ཆོས་དད་རང་དབང་ལ་རྡོག་རོལ་བཏང་དང་གཏོང་ཡོད་པའི་ཐོག་གཏམ་བཤད་དང་། དམིགས་བསལ་རྒྱ་དམར་སྲིད་གཞུང་གིས་བོད་དང་ཡུ་གུར། སོག་པོ་བཅས་ཀྱི་ཆོས་དད་རང་དབང་ལ་རྡོག་རོལ་ཚབ་ཆེན་གཏོང་བཞིན་ཡོད་སྐོར་སོགས་ཀྱི་འགྲེལ་བརྗོད་བྱས་ཡོད་འདུག
སྐབས་དེར། སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ (Tribute to the Dalai Lama as Religious Leader of Tibetan Buddhism) ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག སྲིད་སྐྱོང་མཆོག་གིས་བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་རྒྱལ་སྤྱིའི་རྒྱབ་སྐྱོར་དགོས་གལ་ཆེན་པོ་ཡོད་པ་དང་། རྒྱ་དམར་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བརྩི་འཇོག་བྱེད་ཀྱི་མེད་ཀྱང་། རྒྱ་ནག་གཞུང་གི་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་ཐེ་བྱུས་ཤུགས་ཆེ་བྱེད་བཞིན་པའི་སྐོར་གསུངས་ཡོད་འདུག ཁོང་ཚོའི་དམིགས་ཡུལ་གཙོ་བོ་ནི་བོད་མི་ཚོར་སྟངས་འཛིན་བྱེད་ཆེད་༸སྐུའི་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་ལ་ཐེ་བྱུས་བྱ་ཐབས་བྱེད་བཞིན་ཡོད་བཅས་དང་། སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ལ་གནད་དོན་དེའི་ཐོག་གཞུང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་གནང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད་འདུག དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ལ་བསྩལ་བའི་འཚམས་འཕྲིན་ལྷན་ཚོགས་དེའི་ཚོགས་གཙོ་རོ་བྷིར་རེ་ཧཱ་ཁི་ལགས་སུ་ཕུལ་ཡོད་འདུག
ཟླ་འདིའི་ཚེས་༢༤ ཉིན། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁུངས་དང་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དྲ་ཐོག་ཏུ། རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་འདུག དེའི་ནང་དུ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གྱི་ཐོབ་ཐང་ནི་བོད་མི་ཁོ་ནར་ཡོད་པ་མ་གཏོགས་རྒྱ་དམར་སྲིད་གཞུང་ལ་མེད་ཅེས་ནན་བརྗོད་བྱས་འདུག