ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༤ ཉིན། ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གིས་ཕྱི་ལོ་༢༠༢༤ ལོའི་དམངས་གཙོ་ཞབས་ཞུའི་གཟེངས་རྟགས་དེ་ད་ལྟར་གར་སོང་ཆ་མེད་དུ་གྱུར་ཡོད་པའི་ཀུན་གཟིགས་པཎ་ཆེན་ཆུང་སྲས་རིན་པོ་ཆེ་མཆོག་ལ་ཕུལ་གནང་འདུག གཟེངས་རྟགས་འདི་ཡིས་རྒྱ་ནག་གི་ཐེ་བྱུས་མེད་པའི་ཐོག་ནས་བོད་མི་ཚོས་རང་ཉིད་ཆོས་ལུགས་དབུ་ཁྲིད་ཡང་སྲིད་ངོས་འཛིན་བྱས་པའི་ཐོབ་ཐང་ཡོད་དགོས་པ་དང་། ལྷག་པར་དུ་རྒྱ་གཞུང་གིས་༸གོང་ས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ལ་ཐེ་བྱུས་བྱེད་ཐབས་བྱེད་བཞིན་པར་གསལ་སྟོན་གནང་ཆེད་ཡིན་སྐོར་བརྗོད་འདུག
དེ་ཡང་། གོང་ཚེས་ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཏུན་དུ་གཟེངས་རྟགས་འབུལ་བའི་མཛད་སྒོ་ཤིག་ཚོགས་ཡོད་པ་དང་། སྐབས་དེར། ཨ་རི་རྒྱལ་ཡོངས་དམངས་གཙོ་ཁྱབ་སྤེལ་བསྟི་གནས་ཁང་ (National Endowment for Democracy) གི་ཚོགས་གཙོ་ཌེ་མོན་ཝིལ་སོན་ (Damon Wilson) མཆོག་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་མཉམ་ཞུགས་གནང་ཡོད་འདུག
ཕྱི་ལོ་༢༠༢༤ ལོའི་དམངས་གཙོ་ཞབས་ཞུའི་གཟེངས་རྟགས་དེ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་ཚབ་ཏུ་བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་བཞེས་ཡོད་འདུག སྐབས་དེར། གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ལོ་རྒྱུས་ངོ་སྤྲོད་དང་། ཁོང་ཇི་ལྟར་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་ཆེད་རྒྱ་གཞུང་གིས་བཙོན་འཇུག་དང་མཐའ་མར་སྐུ་སྲོག་ཤོར་བའི་གནས་སྟངས་བྱུང་བའི་སྐོར་དང་། ༸རྒྱལ་བ་རིན་པོ་ཆེ་ཡིས་༸ཀུན་གཟིགས་པཎ་ཆེན་བཅུ་པའི་ཡང་སྲིད་ངོས་འཛིན་ཞུས་པའི་དགེ་འདུན་ཆོས་ཀྱི་ཉི་མ་ཡང་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་ད་དབར་གར་སོང་ཆ་མེད་འགྱུར་ཡོད་པའི་སྐོར་སོགས་འགྲེལ་བརྗོད་གནང་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༢༠༢༥ ལོའི་དམངས་གཙོ་ཞབས་ཞུ་གཟེངས་རྟགས་དེ་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་འབུལ་བཞེས་མཛད་པར་འཚམས་འདྲིའི་གསུང་འཕྲིན་སྩལ་ཡོད་འདུག ཁོང་གིས་ཕྱི་ལོ་ ༡༩༩༥ ལོར་ཡང་སྲིད་ངོས་འཛིན་གསལ་བསྒྲགས་བསྐྱངས་བའི་སྐབས་བརྗོད་པ་བཞིན། བཀྲ་ཤིས་ལྷུན་པོའི་དབུ་ཁྲིད་གཙོས་པའི་གཞིས་བྱེས་བོད་མི་ཡོངས་ནས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་རེ་བ་ངོས་ལ་བཅངས་ཡོད་པ་དང་། དེར་བརྟེན་ཡང་སྲིད་འཚོལ་བའི་དུས་ལ་སླེབས་སྐབས་བོད་ནང་གི་དངོས་ཡོད་ཆབ་སྲིད་གནས་སྟངས་ལ་གཞིགས་ཏེ་རྒྱ་ནག་དང་མཉམ་ལས་ཀྱིས་ཡང་སྲིད་ངོས་འཛིན་གནང་ཐབས་གནང་ཡོད་ཅེས་དང་།
དེ་བཞིན་༸པཎ་ཆེན་རིན་པོ་ཆེ་མཆོག་དང་༸གོང་ས་མཆོག་རྣམ་གཉིས་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་དང་། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་ནང་གི་བོད་མིའི་བདེ་དོན་དང་། བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་བཅས་པ་མི་ཉམས་རྒྱུན་འཛིན་ཐོག་ཕྱག་ལས་རྒྱ་ཆེ་གནང་ཡོད། ངོས་ཀྱིས་ཕྱི་ལོ་༡༩༩༥ ལོར་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་མཛད་འཕྲིན་རྒྱས་པ་དང་། སྐུ་ཚེ་རིང་བ། མི་ཚེ་ལམ་ལྷོངས་ཡོང་བའི་ཆེད་དུ་འབད་བརྩོན་བྱེད་དགོས་པ་ཞུས་ཡོད། འོན་ཀྱང་། ཁོང་ལ་ནོར་འཁྲུལ་ཅི་ཡང་མེད་ཀྱང་། ཆུང་བྱིས་པའི་དུས་ཀྱི་འཚར་ལོངས་དང་མི་དཀྱུས་མའི་འཚོ་བར་རོལ་ཐུབ་མེད། གང་ལྟར། ངོས་ནས་དྲང་བདེན་གྱི་སྟོབས་ཤུགས་ལ་ཡིད་ཆེས་དང་། ཕུགས་རྒྱང་རིང་པོར་བདེན་པ་ཉིད་རྣམ་པར་རྒྱལ་ངེས་རེད། དེར་བརྟེན་ངོས་ནས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་ཆེ་མཐོང་དང་རང་དབང་གི་ཐོག་ནས་འཚོ་བ་སྐྱེལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་འདུག
ཨ་རིའི་དམངས་གཙོ་ཡར་རྒྱས་བསྟི་གནས་ཁང་ནི་འཛམ་གླིང་ཁྱོན་ཡོངས་སུ་དམངས་གཙོའི་ལམ་ལུགས་འཕེལ་རྒྱས་དང་སྲ་བརྟན་གཏོང་བར་དམིགས་པའི་རང་དབང་ཅན་དང་ཁེ་མེད་ཀྱི་ཐེབས་རྩ་ཞིག་ཡིན་ཞིང་། ད་ལྟར་དབར་དམངས་གཙོ་ཞབས་ཞུའི་གཟེངས་རྟགས་དེ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ཐེ་ཝན་སྲིད་འཛིན་ཚད་དབྱིང་ཝིན། སྲིད་སྐྱོང་སྤེན་པ་ཚེ་རིང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སོགས་ལ་ཕུལ་ཡོད་འདུག