03
Wed, Dec
5 རྩོམ་གསར།

བཀའ་ཟུར་ཀིརྟི་རིན་པོ་ཆེའི་སྲིད་དོན་མཛད་རྣམ་༼ཤར་སྟག་མོའི་བུ༽ཡི་འཕྲུལ་དེབ་དབུ་འབྱེད་གནང་སོང་།

ཕྱི་ལོ་༢༠༢༥ ཟླ་༥ ཚེས་༩ ཉིན། བཞུགས་སྒར་དྷ་རམ་སའི་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ། བཀའ་ཟུར་༧ སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་སྲིད་དོན་མཛད་རྣམ་༼ཤར་སྟག་མོའི་བུ༽ ཡི་འཕྲུལ་དེབ་དབུ་གནང་སོང་། པར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ ཟླ་༥ ཚེས་༩ ཉིན། བཞུགས་སྒར་དྷ་རམ་སའི་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བཀའ་ཟུར་"༧ སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་"སྲིད་དོན་མཛད་རྣམ་༼ཤར་སྟག་མོའི་བུ༽ ཡི་འཕྲུལ་དེབ་དབུ་གནང་སོང་། སྐབས་དེར་ཚོགས་གཙོ་མཆོག་གིས་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནི་བོད་རང་དབང་སླར་གསོ་དང་། ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གནང་མཁན་ཞིག་རེད། ང་ཚོས་མིག་དཔེ་ལྟ་འོས་པ་ཞིག་རེད། ཅེས་གསུངས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཉིན་དགུང་ཆུ་ཚོད་༢ པའི་ཐོག བཞུགས་སྒར་དྷ་རམ་སའི་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ། འཕྲུལ་དེབ་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སྐུ་ངོ་ཟླ་བ་ཚེ་རིང་མཆོག བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་མཆོག བཀའ་ཟུར་སྐུ་ངོ་ཐུབ་བསྟན་ལུང་རིགས་མཆོག ཉམས་ཞིབ་རྩོམ་པ་པོ་ཤེས་རབ་དར་རྒྱས་མཆོག་ཕེབས་གནང་འདུག དེ་བཞིན་དྷ་སའི་ཁུལ་གྱི་ཤེས་ཡོན་པ་དང་། སློབ་མ་དང་དགེ་འདུན་བཅས་ཁྱོན་མི་གྲངས་ལྔ་བཅུ་ལྷག་མཉམ་ཞུགས་གནང་སོང་།

ཐོག་མར། ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་སྤྱི་སོ་རུ་དར་རྒྱས་ལགས་ནས། མཛད་རྣམ་<<ཤར་སྟག་མོའི་བུ་>>ཡི་ འཕྲུལ་དེབ་འགྲེམས་སྤེལ་དང་བགྲོ་གླེང་གོ་སྒྲིག་སྐོར་གྱི་ངོ་སྤྲོད་གསུང་བཤད་གནང་སོང་། དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་མཛད་རྣམ་<<ཤར་སྟག་མོའི་བུ་>>ཡི་འཕྲུལ་དེབ་དབུ་འབྱེད་གནང་སོང་། དེའི་རྗེས། མཛད་རྣམ་<<ཤར་སྟག་མོའི་བུ་>>དང་འབྲེལ་བའི་བརྗོད་གཞི་ཁག་བཞིའི་ཐོག་དམིགས་བསལ་བགྲོ་གླེང་གསུང་བཤད་གནང་མཁན་རྣམ་པ་བཞི་ལ་འཚམས་འདྲིའི་ཕྱག་རྟགས་རེ་སྐུ་མགྲོན་གཙོ་བོ་མཆོག་ནས་གནང་སོང་།

ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་དོན། བཀའ་ཟུར་༧ སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནི་བོད་ཀྱི་སྤྱི་ཚོགས་ལ་ཤ་ཚ་མཁན་ཞིག་དང་། བོད་རང་བཙན་མ་ཤོར་གོང་བོད་མདོ་དབུས་གསུམ་ནང་ཕེབས་མྱོང་མཁན་དང་། བོད་ནང་རྒྱ་དམར་དམག་མིས་བོད་ཀྱི་དགོན་པ་སོགས་གཏོར་བཤིག་གཏོང་སྐབས་དངོས་སུ་མཐོང་མྱོང་མཁན་ཞིག་རེད། ཁོང་གི་མི་ཚེའི་ལོ་རྒྱུས་རྣམས་མི་རབས་གཞོན་པ་ཚོས་ཤེས་རྟོགས་དགོས་པ་གལ་ཆེན་པོ་འདུག དེ་བཞིན་རིན་པོ་ཆེ་མཆོག་གིས་བོད་རང་དབང་སླར་གསོ་དང་། ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གནང་མཁན་ཞིག་རེད། ང་ཚོས་མིག་དཔེ་ལྟ་ཆོག་པ་ཞིག་རེད། བོད་མི་རྒན་རབས་པ་རྣམ་པས་ཆབ་སྲིད་ཐོག་ག་འདྲ་གནང་ཡོད་མེད་དང་ཕན་ག་ཚོད་ཕན་ཡོད་མེད་ཐོག་ནས་དཔེ་བླངས་ནས་བོད་སྤྱིར་ཕན་ཐོགས་དང་མཐུན་སྒྲིལ་ཡོང་ཐབས་ཐོག་ལེགས་ཆ་ལེན་དགོས་པ་གལ་ཆེན་པོ་རེད། ཞེས་གསུངས་སོང་།

འཕྲུལ་དེབ་དབུ་འབྱེད་མཛད་སྒོ་གྲོལ་རྗེས། བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་སྲིད་དོན་མཛད་རྣམ་<<ཤར་སྟག་མོའི་བུ་>>དང་ འབྲེལ་བའི་བརྗོད་གཞི་ཁག་ཅིག་གི་ཐོག་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་སོང་།

ཐོག་མར། བཀའ་ཟུར་སྐུ་ངོ་ཐུབ་བསྟན་ལུང་རིགས་མཆོག <<ཤར་སྟག་མོའི་བུ་>>དང་། གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོ། བརྗོད་གཞི་འདིའི་བརྗོད་བྱ་གཙོ་བོ་ནི། བོད་གཞུང་གི་ཆབ་སྲིད་མི་སྣ་གསར་རྙིང་དང་མཇལ་འཕྲད་བཀའ་མོལ། བོད་གཞུང་ གི་ཆབ་སྲིད་ལངས་ཕྱོགས་ཁོ་ན་བརྟན་བཟུང༌། བོད་གཞུང་གི་མཛད་འགན་དུ་མ་རིམ་བཞེས་གནང་བ་སོགས་དང༌། དེ་དག་ ལས་འཕྲོས་པའི་དཔྱད་གླེང་གནང་བ་དང་། དེ་ནས་ཉམས་ཞིབ་རྩོམ་པ་པོ་ཤེས་རབ་དར་རྒྱས་མཆོག་གིས་<<ཤར་སྟག་མོའི་བུ་>>དང༌། གཞིས་བྱེས་བོད་མི་མང་ཚོགས། བརྗོད་གཞི་འདིའི་བརྗོད་བྱ་གཙོ་བོ་ནི། བོད་ནས་གསར་འབྱོར་སེར་སྐྱ་མི་མང་དང༌། བཙན་བྱོལ་བོད་མི་ཚོགས་སྒེར་ཁག་ལ་ བོད་ཀྱི་རྩ་དོན་དང༌། ཆོས་དང་རིག་གཞུང༌། མཐུན་ལམ་སོགས་ཀྱི་ཐོག་ལམ་སྟོན་གསུང་བཤད་གནང་བ། རྒྱལ་ས་ལྷ་ས་དང་ མདོ་སྨད་ཁུལ་དུ་འཚམས་གཟིགས་གནང་བ་སོགས་དང༌། དེ་དག་ལས་འཕྲོས་པའི་དཔྱད་གླེང་གནང་སོང་།

དེ་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སྐུ་ངོ་ཟླ་བ་ཚེ་རིང་མཆོག་གིས་<<ཤར་སྟག་མོའི་བུ་>>དང༌། རྒྱ་ནག་གཞུང༌། རྒྱ་དམར་གྱི་བཙན་འཛུལ་དང་དྲག་གནོན་ལ་དངོས་སུ་གདོང་ལེན། རྒྱ་ནག་པེ་ཅིང་སོགས་སུ་འཚམས་གཟིགས། བོད་ཐོག་འཛིན་པའི་རྒྱ་ནག་གི་སྲིད་བྱུས་ཀྱི་སྐྱོན་གནད་ཐེར་འདོན། རྒྱ་ནག་གི་ཉེས་འཛུགས་ལ་ལན་འདེབས་གསལ་བཤད་མཛད་པ་སོགས་དང་། དེ་དག་ལས་འཕྲོས་པའི་དཔྱད་གླེང་གནང་སོང་། མཐའ་མར། བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་མཆོག་གིས་<<ཤར་སྟག་མོའི་བུ་>>དང༌། རྒྱལ་སྤྱིའི་སྤྱི་ཚོགས། རུ་སོག་དང་ཨོ་གླིང་སོགས་སུ་འཚམས་གཟིགས། ལྷག་པར་ཨ་རི་དང་ཡོ་རོབ་ཀྱི་རྒྱལ་ཁབ་དུ་མ། མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་བོད་དོན་ཞུ་གཏུགས། ཕྱི་རྒྱལ་དཔོན་རིགས་དང་གསར་འགོད་པ་དུ་མ་ཆེད་བཅར་བྱུང་བར་མཇལ་འཕྲད་བཀའ་མོལ་གནང་བ་སོགས་དང༌། དེ་དག་ལས་འཕྲོས་པའི་དཔྱད་གླེང་གནང་སོང་།