ཕྱི་ལོ་༢༠༢༥ ཟླ་༥ ཚེས་༡༧ ཉིན། ༸པན་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་འགྱུར་ནས་མི་ལོ་༣༠་འཁོར་བའི་དུས་དྲན་ཉིན་མོར་རྒྱ་གར་དང་། ཨ་རི། ཁེ་ན་ཌ། ཧྥ་རན་སི། ཇར་མན། སྦེལ་ཇམ། སུད་སུ། ཨེ་ཊ་ལི། ཨོ་གླིང་སོགས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱལ་ཁབ་དེ་དག་གི་རྒྱ་མིའི་གཞུང་ཚབ་མདུན་དུ་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། ༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་ཁོང་གི་ནང་མི་སྐུ་འཁོར་དང་བཅས་པ་མྱུར་དུ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་རྒྱལ་ཁབ་དེ་དག་གི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཀྱང་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་གྲོལ་དགོས་པའི་འབོད་སྐུལ་ཞུས་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག བཞུགས་སྒར་དྷ་རམ་སའི་མོག་གྷན་སྤྱི་ཐང་དུ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་རྒྱུན་ལས་ཁག་ཅིག་དང་བོད་ཀྱི་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ནས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་མི་ལོ་༣༠་འཁོར་བའི་དུས་དྲན་ཉིན་མོར་༸པཎ་ཆེན་རིན་པོ་མཆོག་མྱུར་དུ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་།
གཞན་ཡང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་༢༢་ཡིས་འཕྲུལ་རྟ་༡༡་བཞོན་ནས་དྷ་ས་ཁུལ་གྱི་མི་མང་ལ་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐོར་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཡོད་འདུག དེ་ནས་གཙུག་ལག་ཁང་ཉེ་འགྲམ་དུ་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གར་སོང་ཆ་མེད་དུ་འགྱུར་བའི་ཉིན་མོ་སྲུང་བརྩི་ཞུས་སོང་།
དེ་བཞིན། ༸པན་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་འགྱུར་ནས་མི་ལོ་༣༠་འཁོར་བའི་དུས་དྲན་ཉིན་མོར་རྒྱ་གར་གྱི་དྷ་རམ་ས་དང། ལྡི་ལི། སྦེལ་ཀོབ། སྤུ་རུ་ལྤ་ལ། སྤོ་ཊ། ཨ་རིའི་གྲོང་འཁྱེར་ནིའུ་ཡོག་དང་མིན་ནེ་སོ་ཊ། ཁེ་ན་ཌའི་གྲོང་འཁྱེར་ཊོ་རོན་ཏོ། ཧྥ་རན་སིའི་གྲོང་འཁྱེར་པེ་རི་སི། ཇར་མན་གྱི་གྲོང་འཁྱེར་སྦེར་ལིན། སྦེལ་ཇམ། སུད་སུ། ཨེ་ཊ་ལི། ཨོ་གླིང་སོགས་ཀྱི་གྲོང་འཁྱེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱལ་ཁབ་དེ་དག་གི་རྒྱ་མིའི་གཞུང་ཚབ་ཁག་གི་མདུན་དུ་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། ༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་ཁོང་གི་ནང་མི་སྐུ་འཁོར་དང་བཅས་པ་མགྱོགས་མྱུར་དུ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག
ད་དུང་རྒྱལ་སྤྱིའི་དབུ་ཁྲིད་དང་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་མྱུར་དུ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག དེ་ཡང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཁོ་རུ་སྦི་དང་གྲོས་ཚོགས་འཐུས་ཁག་ཅིག་གིས་རྒྱ་ནག་གཞུང་ལ༸པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག
ཨི་ཊ་ལི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གིས་རྒྱ་ནག་གཞུང་ལ༸པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་གཏོང་དགོས་པ་དང་། བོད་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་བཀུར་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་ཇར་མ་ནིའི་གཞུང་གི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་མཆོག་གིས་རྒྱ་ནག་གཞུང་ནས༸་པཎ་ཆེན་རིན་པོ་མཆོག་མྱུར་དུ་གློད་གྲོལ་དགོས་པའི་དགོས་འདུན་བཏོན་འདུག སུད་སི་གྲོས་ཚོགས་འཐུས་མི་ལྔ་ཡིས་༸པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་བཀྲོལ་དགོས་པའི་བསྒྲགས་གཏམ་སྤེལ་འདུག
ད་དུང་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གར་སོང་ཆ་མེད་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་དུས་ཚིགས་དང་བསྟུན་ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་དྲི་བ་གསུམ་ཅན་གྱི་ཡིག་འབྲེལ་ཞིག་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལྷན་ཁང་གི་གཙོ་འཛིན་མཆོག་ལ་ཕུལ་བ། ཇར་མན་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧི་ཀལ་བྷི་རེནྜ་ལགས་ཀྱིས་རྒྱ་གཞུང་ལ་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་གནས་སྟངས་ཁ་གསལ་དགོས་པའི་བསྒྲགས་གཏམ་སྤེལ་འདུག
ཡུ་རོབ་མཐུན་ཚོགས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ཨ་ནོར་ཨེལ་ཨ་ནོ་ནི་ (Anouar El Anouni) མཆོག་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་མི་ལོ་༣༠་འགོར་གྱི་ཡོད་པ་དང་ཁོང་གི་སྐུ་གཟུགས་བདེ་ཐང་སྐོར་སེམས་འཚབ་ཡོད་པར་བརྗོད་འདུག