03
Wed, Dec
5 རྩོམ་གསར།

བོད་ཀྱི་གསར་འགོད་མཐུན་ཚོགས་ནས་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་དང་འབྲེལ་བགྲོ་གླེང་ཞིག་ཚོགས་སོང་།

ཕྱི་ལོ་༢༠༢༥ ཟླ་༥ ཚེས་༣ ཉིན། བོད་ཀྱི་གསར་འགོད་མཐུན་ཚོགས་ནས་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་གནང་སྐབས། པར། བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ ཟླ་༥ ཚེས་༣ ཉིན། བཞུགས་སྒར་རྡ་རམ་ས་ལའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ། བོད་ཀྱི་གསར་འགོད་མཐུན་ཚོགས་ནས་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་གནང་སོང་། སྐབས་དེར། བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་ལགས་ཀྱིས་རྒྱ་ནག་གཞུང་གིས་ང་ཚོའི་སྤྱི་ཚོགས་འདི་གང་ཐུབ་ཀྱིས་གཏོར་བཤིག་གཏོང་བའི་བྱ་སྤྱོད་སྤེལ་དང་སྤེལ་མུས་ཡིན་པས། བོད་ཀྱི་མང་གཙོ་སྤྱི་ཚོགས་འདི་ཚགས་ཚུད་དང་སྲ་བརྟན། མདུན་སྐྱོད་ཡོང་སླད། འདི་ལོར་གསར་འགོད་པ་དག་གིས་འགན་འཕར་མ་ཞིག་འཁྱེར་དགོས་པའི་དུས་སུའང་བསླེབས་ཡོད། ཅེས་བརྗོད་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པའི་ཐོག བཞུགས་སྒར་རྡ་རམ་ས་ལའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ། བོད་ཀྱི་གསར་འགོད་མཐུན་ཚོགས་ནས་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་གནང་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་ནི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་དང་། བོད་ཀྱི་གཞུང་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང། དེ་བཞིན་གསར་འགོད་བཅས་མཉམ་ཞུགས་ཐོག་ནས་ཉིན་མོ་འདི་སྲུང་བརྩི་ཞུས་སོང་།

ཐོག་མར། བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་སྦྱིན་པ་ལགས་ཀྱིས་ཉིན་མོ་འདི་དང་འབྲེལ་བའི་བསྒྲགས་གཏམ་སྒྲོག་སྦྱང་གནང་དོན། ཕྱི་ལོ་ ༢༠༢༥ ལོའི་གསར་འགོད་རང་དབང་གི་ཉིན་མོ་འདིར་དམིགས་བསལ་གྱིས་གསར་འགོད་པ་ཡོངས་ལ་ འཚམས་འདྲི་ཞུ་རྒྱུ་ཡིན། རྒྱུ་མཚན་ནི། ཕྱི་ལོ་ ༡༩༩༧ ལོར་བོད་ཀྱི་གསར་འགོད་མཐུན་ཚོགས་དབུ་བརྙེས་པ་ནས་འདས་པའི་ལོ་ངོ་ ༢༨ རིང༌། བོད་ཀྱི་གསར་འགོད་པ་རྣམས་ནས་སྤྱི་ཚོགས་ནང་གི་འཇིགས་སྐུལ་དང་ཉེན་བརྡ་སོགས་གནས་སྟངས་མང་པོ་ཞིག་ལ་གདོང་ལེན་གནང་སྟེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྲོལ་བཏོད་པའི་བོད་ཀྱི་མང་གཙོའི་སྤྱི་ཚོགས་ལ་གསར་འགྱུར་ལས་རིགས་ཀྱི་ཐོག་ནས་ཞབས་འདེགས་རླབས་ཆེན་ཞུས་ཡོད་པས། ཁྱེད་རྣམ་པར་ཐུགས་རྗེ་ཆེ། སྐུ་ལས་ཁག་སོང་ཞུ་རྒྱུ་ཡིན།

འདི་ལོའི་འཛམ་གླིང་གསར་འགོད་རང་དབང་ཉིན་མོའི་གཏན་འབེབས་བརྗོད་གཞི་ནི། གང་ཡང་སྒྲུབ་ཕོད་པའི་འཇིག་རྟེན་གསར་བའི་ནང་བདེན་པའི་གནས་ཚུལ་སྤེལ་བཞིན་པ། མིས་བཟོས་བཅོས་མའི་རིག་རྩལ་གྱིས་གསར་འགོད་རང་དབང་དང་གསར་ཁང་ལ་ཐེབས་པའི་ཤུགས་རྐྱེན། Reporting in the Brave New World ཞེས་པ་འདི་ཡིན་པ་ལྟར། ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གསར་ཁང་ལྔ་ལས་མེད་ཅིང་། ཧ་ཅང་འཁྲུག་ཆ་དོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བདེན་པ་མིན་ཞིང་སྤྱི་ཚོགས་དཀྲུགས་གཞིར་གྱུར་བའི་གནས་ཚུལ་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་པ་འདི་ནི་བོད་ཀྱི་གསར་འགོད་པ་དག་གིས་གདོང་ལེན་གནང་དགོས་པ་ཞིག་ཆགས་ཡོད་ལ། བོད་མི་རྣམས་ནས་ཀྱང་ཡོ་ཊུབ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་རང་རེའི་སྤྱི་ཚོགས་ལ་གནོད་གཞིར་གྱུར་བའི་གནས་ཚུལ་རིགས་བརྒྱུད་སྤེལ་མ་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།

གང་ཞིག་ན་གནས་ཚུལ་རྫུན་མ་དང་ལོག་འགྲེལ་གྱིས་ང་ཚོའི་སྤྱི་ཚོགས་ནང་འགལ་དང་གཏོར་བཤིག་གཏོང་གི་ཡོད་ན། དེར་གསར་འགོད་པ་དག་གིས་གདོང་ལེན་བྱས་ཏེ་རྒྱ་ཆེའི་མི་མང་ལ་གནས་ཚུལ་ཁ་གསལ་དང་བདེན་པའི་གནས་ཚུལ་སྤེལ་ཤུགས་ཆེ་རུ་གཏོང་དགོས་པའི་དུས་ལ་བསླེབས་ཡོད། དམིགས་བསལ་འདི་ལོར་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་ཡིན་པས། གསར་འགོད་པ་དག་གིས་གནས་ཚུལ་རྫུན་མ་དང་ལོག་འགྲེལ་སོགས་གདོང་ལེན་གནང་དགོས་ས་མང་པོ་ཞིག་ཡོད་སྲིད་ལ། རྒྱ་ནག་གཞུང་ལྟ་བུས་ང་ཚོའི་སྤྱི་ཚོགས་འདི་གང་ཐུབ་ཀྱིས་གཏོར་བཤིག་གཏོང་བའི་བྱ་སྤྱོད་སྤེལ་དང་སྤེལ་མུས་ཡིན་པས། བོད་ཀྱི་མང་གཙོ་སྤྱི་ཚོགས་འདི་ཚགས་ཚུད་དང་སྲ་བརྟན། མདུན་སྐྱོད་ཡོང་སླད། འདི་ལོར་གསར་འགོད་པ་དག་གིས་འགན་འཕར་མ་ཞིག་འཁྱེར་དགོས་པའི་དུས་སུའང་བསླེབས་ཡོད།

ཉེ་ལམ་ཨ་རིའི་གཞུང་གིས། ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་ལས་མཚམས་བཞག་པར་གསར་འགོད་མཐུན་ཚོགས་ཀྱི་ངོས་ནས་འབྲེལ་ཡོད་ཨ་རིའི་མགོ་ཁྲིད་ཁག་ལ་ཞུ་ཡིག་ཕུལ་བ་དང་བསྒྲགས་གཏམ་སྤེལ་བ་སོགས་བྱས་ཡོད་ཀྱང་། ད་ལྟའི་ཆར་གསར་ཁང་གཉིས་སྒོ་བརྒྱབ་པའི་གནས་ཚུལ་ཐོས་པས། བོད་ཀྱི་མང་གཙོའི་སྤྱི་ཚོགས་ལ་མཚོན་ན་འདི་ནི་མང་གཙོའི་ཀ་བ་བཞི་བར་འབོད་པའི་མང་གཙོའི་གྲུབ་ཆ་གལ་ཆེན་གཉིས་མེད་པར་གྱུར་སོང་བ་ཡིན་པས་བོད་སྤྱིའི་གྱོང་གུད་ཅིག་ཡིན་ལ། གསར་འགོད་མཐུན་ཚོགས་ཀྱིས་ཨ་རིའི་གཞུང་ལ་བློ་ཕམ་ཡོད་ཅེས་སེམས་ཚོར་ཆེན་པོས་ཞུ་རྒྱུ་ཡིན་པ་མ་ཟད། གསར་ཁང་གཉིས་འདི་གང་མགྱོགས་སླར་གསོ་དགོས་པའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན།

དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས། གསར་འགོད་རང་དབང་ཉིན་མོའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང༌། ང་ཚོས་གསར་འགོད་རིག་པ་ཁོ་ནའི་ཐོག་ནས་བདེན་པ་ཆ་ཚང་བ་ཞིག་མཐོང་ཐུབ་ཅེས་དང༌། དེ་རིང་ང་ཚོས་ ཉེན་ཁ་ལ་འཛེམ་ཟོན་མེད་པར་བདེན་པའི་མེ་འོད་སྒྲོན་མཁན་གྱི་གསར་འགོད་པའི་ཉིན་མོར་ཆེ་བསྟོད་ཞུ་བཞིན་ཡོད། ཅེས་བརྗོད་འདུག་ལ། ཕྱི་ལོ་ ༢༠༢༤ ནས་འདི་ལོའི་བར་འཛམ་གླིང་ཁྱོན་ཡོངས་སུ་གསར་འགོད་པ་ཁྱོན་ ༨༢ ལས་རིགས་ཁྲོད་ཚེ་སྲོག་ཤོར་ཡོད་པ་དང་། ཟླ་འདིའི་ཚེས་༡ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༥ ལོའི་གསར་འགོད་རང་དབང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བར་གཞིགས་ན། འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་ ༡༨༠ ནང་ནས་རྒྱ་ནག་གསར་འགོད་རང་དབང་གི་གནས་སྟངས་ཞན་ཤོས་ཨང་གསུམ་པ་ཡིན་པ་མ་ཟད། ད་ལྟ་རྒྱ་ནག་དམར་གཞུང་གིས་གསར་འགོད་པ་༡༡༠ བཙོན་འཇུག་བྱས་ཡོད་པས། རྒྱ་ནག་ནི་འཛམ་གླིང་ནང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཚབས་ཆེ་ཤོས་དེ་ཡིན་པ་ཐེར་འདོན་གནང་ཡོད་སྟབས། ད་ནི་རྒྱ་ནག་གཞུང་གིས་བོད་ནང་གཙོ་བྱས་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ལ་དམ་དྲག་བྱ་རྒྱུ་མཚམས་འཇོག་བྱས་ཏེ། མི་མང་གི་མངོན་འདོད་བསྒྲུབ་དགོས་པའི་དུས་ལ་བསླེབས་ཡོད་པས། རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་སྲིད་ཇུས་ཚང་མ་ལག་བསྟར་མཚམས་འཇོག་དང་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་ཀློད་གྲོལ་བཏང་སྟེ། བོད་ཀྱི་མངའ་ཁོངས་བདག་དབང་དེ་ཕྱིར་བོད་མིར་སྤྲོད་དགོས་དུས་སུའང་བསླེབས་ཡོད་ཅེས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེ་ནས་བོད་ཀྱི་གསར་འགོད་མཐུན་ཚོགས་ངོས་ནས་བཙན་བྱོལ་ནང་བོད་པའི་གསར་ཁང་ཁག་ནང་ཕྱག་ལས་དུས་ཡུན་རིང་ཤོས་གནང་མཁན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ལ་ཆེ་བསྟོད་གཟེངས་རྟགས་ཤིག་གནང་ཡོད་པ་དེ་སྐུ་མགྲོན་གཙོ་བོ་མཆོག་ནས་ཁོང་གི་སྐུ་ཚབ་ལ་ཕུལ་སོང་།

དེའི་རྗེས། གསར་འགོད་རང་དབང་ཉིན་མོ་དང་འབྲེལ་བའི་བགྲོ་གླེང་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་སོང་། བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ནི་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་དང་། བོད་ཀྱི་གཞུང་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་རེད་འདུག ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བྱང་ཆུབ་ལགས་ཀྱིས་གཙོ་སྐྱོང་གནང་སོང་།

དེའི་ཐོག སྐུ་མགྲོན་གཙོ་བ་སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་ནས་གསར་འགོད་རང་དབང་གི་གལ་གནད་སྐོར་ནས་གསུང་དོན། གསར་འགོད་ཀྱི་བརྒྱུད་ལམ་ཐོག་ནས་འཛམ་གླིང་ཐོག་བྱུང་བཞིན་པའི་གནས་ཚུལ་རྣམས་ཚང་མས་ཤེས་རྟོགས་ཐུབ་ཀྱི་ཡོད་པ་མ་ཟད། བོད་ནང་བོད་མི་རྣམས་རྒྱ་ནག་དམར་གཞུང་འོག་སྨྲ་བརྗོད་རང་དབང་མེད་པ་དང་། དཀའ་སྡུག་མྱོང་བཞིན་པའི་དངོས་ཡོད་གནས་ཚུལ་རྣམས་བཙན་བྱོལ་ནང་གི་གསར་འགྱུར་བརྒྱུད་ཁག་ནས་ཤེས་རྟོགས་དང་ཁྱབ་སྤེལ་བྱེད་ཀྱི་ཡོད་ཙམ་གསར་འགྱུར་བརྒྱུད་ལམ་ཁག་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་སོང་། དེ་བཞིན་ཁོང་མོས་བོད་པའི་གསར་ཁང་ཁག་གིས་གནས་ཚུལ་གང་སྤེལ་ཡང་ཁུངས་ལྡན་དང་། དྲང་པོ་དྲང་གཞག་ཐོག་སྤེལ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་། དེ་ནས་གཙོ་སྐྱོང་བས་བོད་པའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་ཀྱི་ཐོབ་ཐང་(Right to Information) དགོས་པའི་གལ་གནད་སྐོར་ལ་དྲི་བ་འདྲི་སྐབས། ཁོང་མོས་སྒེར་ངོས་ནས་དེ་གལ་ཆེན་པོ་མཐོང་གི་ཡོད་སྐོར་དང་། ཐོབ་ཐང་ཡོད་པ་ནང་བཞིན་འགན་ཡང་ཡིན་སྐོར་སོགས་གསུངས་སོང་།

དེ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་རྒྱ་དམར་གཞུང་གིས་གཞུང་འབྲེལ་གསར་ཁང་དང་སྤྱི་ཚོགས་དྲ་རྒྱ། དེ་བཞིན་ཕྱི་རྒྱལ་བ་བོད་ནང་འགྲོ་བ་དེ་ཚོ་བེད་སྤྱོད་བཏང་ནས་བོད་ནང་གི་དངོས་ཡོད་གནས་སྟངས་དང་། བོད་ཀྱི་ལོ་རྒྱུས་དང་མིང་སོགས་འཁྱོགས་བཤད་དང་རྫུན་བཟོ་བྱེད་བཞིན་པའི་གནས་སྐབས་འདིར་བཙན་བྱོལ་ནང་གི་གསར་ཁང་ཁག་བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱིར་བསྒྲགས་གནང་མཁན་གལ་ཆེན་པོ་ཡིན་སྐོར་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཀྱང་བོད་དོན་ལས་འགུལ་སྤེལ་སྐབས་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ནས་སྤེལ་དང་སྤེལ་ཡོད་ཙམ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

དེ་ནས་གཙོ་སྐྱོང་བས་བསོད་ནམས་ཚེ་རིང་ལགས་ལ་གསར་འགོད་བརྒྱུད་ལམ་དང་། བོད་དོན་ལས་འགུལ་སྤེལ་མཁན་དང་གསར་འགོད་པ་དབར་གྱི་འབྲེལ་བའི་སྐོར་དྲི་བ་འདྲི་སྐབས། ཁོང་གིས་གསར་འགྱུར་བརྒྱུད་ལམ་ཁག་ནི་གཞིས་ལུས་བོད་མིའི་སྐུ་ཚབ་ཡིན་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཀྱང་བོད་དོན་ལས་འགུལ་སྤེལ་སྐབས་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ནས་སྤེལ་དང་སྤེལ་ཡོད་ཙམ་དེ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།