ཕྱི་ལོ་༢༠༢༥ ཟླ་༥ ཚེས་༢ ཉིན། བོད་མིའི་སྒྲིག་འཛུགས་ངོས་ནས་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་མྱ་ངན་དང་ཁོང་གིས་བོད་རང་དབང་འཐབ་རྩོད་དང་རང་གཞུང་ལ་སྲི་ཞུ་ལོ་མང་བསྒྲུབས་ཡོད་པར་བཀའ་དྲིན་རྗེས་དྲན་དང་། དམ་པ་ཁོང་གི་ཞལ་ཆེམས་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་ལས་མཚམས་བཞག་ནས་མཆོད་འབུལ་གནང་མི་དགོས་པར་གསུངས་ཡོད་པ་ལྟར་གནང་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་ཆུ་ཚོད་༣།༣༠ ཐོག བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་དུ། སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་རྣམ་གཉིས་ཀྱིས་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་སྐུ་གྲོངས་ཡོད་པའི་སྐོར་དང་ཁོང་གི་ཞལ་ཆེམས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།
ཐོག་མར། སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་ཟླ་འདིའི་ཚེས་༡ ཉིན་ཁེ་ན་ཌ་གྲོང་ཁྱེར་ཨོ་ཀྲ་ཝར་སྐུ་གྲོངས་ཡོད་པ་དང་། སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་སྐུ་གྲོངས་རྗེས་སུ་བོད་མིའི་སྒྲིག་འཛུགས་ངོས་ནས་མཆོད་འབུལ་སྨོན་ལམ་ཞུ་ཡི་ཡོད་རེད། འོན་ཀྱང་། དམ་པ་ཁོང་གི་ཞལ་ཆེམས་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་ལས་མཚམས་བཞག་ནས་མཆོད་འབུལ་གནང་མི་དགོས་པར་གསུངས་ཡོད་པ་ལྟར་གནང་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་སོང་།
སྲིད་ཚབ་མཆོག་གིས་བཀའ་ཟུར་བཀྲ་ཤིས་དབང་འདུས་ལྟ་བུའི་ལྷག་བསམ་ཅན་གྱི་མི་རབས་རྒན་པ་རྣམས་ཀྱིས་བོད་ཀྱི་གནས་སྟངས་ཆེས་ཛ་དྲག་སྐབས་སུ་བོད་ལ་སྲི་ཞུ་ཧུར་ཐག་གནང་ཡོད་རེད། ཁོང་ལྟ་བུ་ད་དུང་བོད་ལ་ཧ་ཅང་དགོས་མཁོ་ཆེ། ཁོང་སླར་ཡང་བོད་མི་ཞིག་སྐྱེས་བ་ལེན་པའི་སྨོན་ལམ་དང་ཁོང་གི་ནང་མིར་གདུང་སེམས་མཉམ་སྐྱེད་གནང་སོང་།
དེ་རྗེས། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་ཞིང་གཤེགས་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས་སྒྲོག་སྦྱང་གནང་དོན། དམ་པ་ཁོང་ནི། ཕྱི་ལོ་ ༡༩༤༧ ཟླ་བ་ ༤ ཚེས་ ༡༥ ཉིན་བོད་གསང་སྔགས་ཆོས་གླིང་དུ་འཁྲུངས་ཤིང་བོད་ཡིག་སློབ་སྦྱོང་གནང༌། ཕྱི་ལོ་ ༡༩༥༩ ལོར་ཕ་མ་དང་མཉམ་དུ་བཙན་བྱོལ་དུ་ཕེབས། མ་སུ་རིར་བོད་ཕྲུག་ ༢༥ ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་གསར་འཛུགས་གནང་བའི་ཁོངས་ཨིན་ཧིན་གྱི་སྐད་ཡིག་སློབ་སྦྱོང་གནང༌། དེ་རྗེས་ཕྱི་ལོ་ ༡༩༦༡ ལོར་མ་སུ་རིའི་འོན་བག་ཨེ་ལན་ (Wynberg Allen) སློབ་གྲྭར་བཏང་བ་ལྟར་ལོ་བཞིར་སློབ་སྦྱོང་གནང་སྟེ་སྦྱང་འབྲས་རྩེར་སོན་བྱུང༌། ཕྱི་ལོ་ ༡༩༦༦ ནས་ནང་སྲིད་དང་ཤེས་རིག་ལས་ཁུངས་སོ་སོར་ཨིན་དྲུང་གི་ཞབས་ཞུ་གནང༌། ཕྱི་ལོ་ ༡༩༦༨ ནས་ ༡༩༧༣ བར་ཨིན་ཡུལ་དུ་སློབ་གཉེར་གནང་ནས་ཌུར་ཧམ་ (Durham University) གཙུག་ལག་སློབ་ཁང་ནས་སྲིད་དོན་དང་། སྤྱི་ཚོགས་ཚན་རིག་ཐད་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར་བཞེས། དེ་རྗེས་རྒྱ་གར་དུ་ཕྱིར་ཕེབས་ཀྱིས་ཕྱི་ལོ་༡༩༧༤ ལོར་ནང་སྲིད་ལས་ཁུངས་ཀྱི་རྒན་དྲུང་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་གཉིས་པའི་སྐབས་དབུས་རྒྱུན་ལས་ཀྱི་རིག་གཞུང་འགན་འཛིན་དང་སྤྱི་ཁྱབ་དྲུང་ཆེ་གནང༌།
ཕྱི་ལོ་ ༡༩༧༤།༡༩༧༥ ལོར་ནང་སྲིད་དྲུང་གཞོན་དང་ཕྱི་ལོ་ ༡༩༧༦།༡༩༧༧ ལོར་ལྡི་ལི་དོན་གཅོད་ཀྱི་དྲུང་ཆེ་ལས་ཚབ། ཕྱི་ལོ་ ༡༩༧༧།༡༩༧༨ ལོར་དྲུང་ཆེ་བཅས་རིམ་པར་གནང་ཞིང༌། ཕྱི་ལོ་ ༡༩༧༩ ནས་ ༡༩༨༡ བར་ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཚབ་དང་ཕྱི་ལོ་ ༡༩༨༡ ནས་དོན་གཅོད་ངོ་མར་བསྐོ་བཞག་གནང་། ཕྱི་ལོ་ ༡༩༨༣ ནས་ ༡༩༨༦ བར་བདེ་སྲུང་དང་ནང་སྲིད། ཕྱི་དྲིལ་བཅས་ཀྱི་བཀའ་བློན་གྱི་མཛད་འགན་ཐོག་ལྡི་ལི་དོན་གཅོད་སྔར་མུས་ལྟར་དང༌། ཕྱི་ལོ་ ༡༩༨༦ ནས་ ༡༩༨༧ བར་དོན་གཅོད་ཀྱི་མཛད་འགན་བཞག་སྟེ་ལྡི་ལིར་རང་གཞུང་གི་སྲིད་ཕྱོགས་དང་འབྲེལ་བའི་ཞབས་འདེགས་ཞུས། ཕྱི་ལོ་ ༡༩༨༧ ནས་ ༡༩༩༠ བར་ལྡི་ལི་སྐུ་ཚབ་དོན་གཅོད་དུ་བསྐྱར་བསྐོ་གནང་ཐོག་ཤེས་རིག་དང་ཕྱི་དྲིལ་བཀའ་བློན་གྱི་མཛད་འགན་གཅིག་ལྕོགས་སུ་བཞེས། ཕྱི་ལོ་ ༡༩༨༨ ལོར་ྋགོང་ས་མཆོག་གིས་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཚོགས་པའི་ཚོགས་གཙོར་བསྐོ་བཞག་གནང༌། ཕྱི་ལོ་ ༡༩༩༠།༡༩༩༡ ལོར་བཀའ་བློན་ནས་དགོངས་ཞུས་ཀྱིས་ལྡི་ལི་སྐུ་ཚབ་དོན་གཅོད་མུ་མཐུད་གནང༌། ཕྱི་ལོ་ ༡༩༩༢ ལོར་ཡང་བསྐྱར་བཀའ་བློན་དུ་བདམས་ཐོན་ལྟར་ཟླ་ ༨ ཚེས་ ༡༠ ཉིན་དམ་འབུལ་གྱིས་ཕྱི་དྲིལ་དང་བདེ་སྲུང་བཀའ་བློན་སོགས་ཀྱི་མཛད་འགན་བཞེས། ཕྱི་ལོ་ ༡༩༩༤།༡༩༩༥ ལོར་འཕྲོད་བསྟེན་བཀའ་བློན་དང་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་མཛད་འགན་གཅིག་ལྕོགས་སུ་བཞེས། ཕྱི་ལོ་ ༡༩༩༦ ལོར་སླར་ཡང་བཀའ་ཤག་སྐབས་བཅུ་གཅིག་པའི་བཀའ་བློན་དུ་བདམས་ཐོན་ལྟར་ཐོག་མར་ཕྱི་དྲིལ་དང་དེ་རྗེས་ཆོས་རིག་བཀའ་བློན་གྱི་མཛད་འགན་བཞེས། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་གྱི་ལས་དུས་གཙང་རྗེས་ཕྱི་ལོ་ ༢༠༠༢ ལོ་ནས་ལྡི་ལི་སྐུ་ཚབ་དོན་གཅོད་དང༌། ཕྱི་ལོ་ ༢༠༠༥ ལོར་ཨ་རི་སྐུ་ཚབ་དོན་གཅོད། ཕྱི་ལོ་ ༢༠༠༩ ནས་སྦར་སིལ་སྐུ་ཚབ་དོན་གཅོད་ཀྱི་མཛད་འགན་བཞེས་ཡོད་ལ་ཕྱི་ལོ་ ༢༠༠༤ ནས་བཟུང་བོད་རྒྱ་འབྲེལ་མོལ་གྲ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཡང་གནང་ཡོད་པ་བཅས།།
གཞན་ཡང། བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོ་ཞུས་སོང་། དེའི་ནང་དུ་འཁོད་དོན། དཔལ་ལྡན་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༢ ཉིན་བཀའ་ཟུར་མཆོག་གི་ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོའི་འཕྲིན་ཡིག་ཕུལ་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༡ ཉིན་བཀའ་ཟུར་མཆོག་སྐུ་གཟུགས་བདེ་མིན་གྱིས་དགུང་གྲངས་ ༧༨ ཐོག་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། ཤིན་ཏུ་ཡིད་གདུང་དང་བློ་ཕམ་གྱི་གནས་སུ་གྱུར། དམ་པ་ཁོང་གི་ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་རྣམས་ཐུགས་ཡིད་གདུང་ཆེན་པོའི་ངང་ཡོད་ངེས་ཀྱང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ལ་སྐྱེ་འཆིའི་རང་དབང་མེད་པ་ཆོས་ཉིད་ལ་དགོངས་པ་རྒྱ་ཆེ་བཞེས་པ་དང་འབྲེལ་དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པར་གནང་བཞིན་ཡོད་པ་གཞིར་བཅས། འདི་ནས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༡༠ པར་སྤྱི་མཚུངས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་ཟིན་རྗེས་འབུལ་ལམ་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱིས་བོད་བསྟན་སྲིད་མི་རིགས་དང་། བོད་མིའི་སྒྲིག་འཛུགས། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་། མཆོག་གསུམ་རྒྱལ་བའི་སྤྱན་སྔར་མཆོད་སྤྲིན་དང་བཅས་གང་གིས་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས། ཚེ་རབས་ཀུན་ཏུ་འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་སྟེ། རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་སྦྲགས། ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཞེས་འཁོད་འདུག་པ་བཅས།