03
Wed, Dec
5 རྩོམ་གསར།

བོད་ཀྱི་མི་འབོར་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཀུན་གསལ་མེ་ལོང་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་།

ཕྱི་ལོ་༢༠༢༥ ཟླ་༩ ཚེས་ ༡༨ ཉིན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་བྲིས་པའི་༼ བོད་ཀྱི་མི་འབོར་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཀུན་གསལ་མེ་ལོང་༽་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་། པར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༨ ཉིན། བཞུགས་སྒར་དྷ་ས་གངས་སྐྱིད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་བྲིས་པའི་༼ བོད་ཀྱི་མི་འབོར་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཀུན་གསལ་མེ་ལོང་༽ཞེས་པའི་མི་འབོར་ལོ་རྒྱུས་དེབ་ཐེར་ཆེན་མོ་ཞིག་དབུ་འབྱེད་དང་སྦྲགས་དེའི་ཐོག་བགྲོ་གླེང་ཞིག་ཚོགས་གནང་སོང་། དེབ་ཐེར་འདི་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་རྒྱ་གཞུང་གིས་བོད་ཀྱི་མི་འབོར་ཐོག་འཁྱོག་བཤད་བྱེད་བཞིན་པར་གདོང་ལེན་དང་ཕྱི་ལོ་༡༩༨༢་ནས་བོད་ནང་མི་འབོར་ག་ཚོད་འཕེལ་རྒྱས་ཕྱིན་ཡོད་མེད་སོགས་ཀྱི་སྐོར་ཉམས་ཞིབ་གནང་བ་ཞིག་ཡིན་འདུག

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ སྟེང། བཞུགས་སྒར་དྷ་ས་གངས་སྐྱིད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཉམས་ཞིབ་ཁང་དེའི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་བྲིས་པའི་༼ བོད་ཀྱི་མི་འབོར་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཀུན་གསལ་མེ་ལོང་༽ཞེས་པའི་མི་འབོར་ལོ་རྒྱུས་དེབ་ཐེར་ཆེན་མོ་ཞིག་དབུ་འབྱེད་གནང་བའི་བྱེད་སྒོ་ཞིག་ཚོགས་གནང་སོང་། སྐབས་དེར། སྐུ་གཙོ་ནི་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་དང། སྐུ་མགྲོན་གཞན་ནི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། ཉམས་ཞིབ་ཁང་དེའི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་དང་བོད་ཡིག་རྩོམ་སྒྲིག་པ་གཅན་བཟོད་པ་ལགས་གཉིས་ཀྱིས་བྱེད་སྒོ་དེ་གཙོ་སྐྱོང་བྱས་སོང་།

ཐོག་མར། སྐུ་མགྲོན་རྣམ་པ་དང་རྩོམ་པ་པོ་སོགས་ཀྱིས་བོད་ཀྱི་མི་འབོར་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཀུན་གསལ་མེ་ལོང་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་། དེ་ནས་རྩོམ་པ་པོ་ཟླ་བ་ཚེ་རིང་ལགས་ཀྱིས་དཔེ་དེབ་དང་འབྲེལ་བའི་གསུང་དོན། རྒྱ་གཞུང་གིས་བོད་ཀྱི་མི་འབོར་སྐོར་འཁྱོག་བཤད་བྱས་ནས་བོད་ལ་སྔོན་མ་ནས་མི་འབོར་མང་པོ་མེད་པའི་སྐོར་བཤད་ཀྱི་ཡོད། ང་ཚོས་ཁོང་ཚོར་བདེན་དཔང་བྱེད་པའི་དཔག་རྟགས་མེད། དེར་བརྟེན་བོད་ཀྱི་མི་འབོར་སྐོར་ཉམས་ཞིབ་བྱས་ནས་དེའི་སྐོར་དེབ་འབྲི་དགོས་པ་གལ་ཆེན་མཐོང་། དེར་བརྟེན། ལོ་དེ་དག་ནང་དུ་ཉམས་ཞིབ་བྱས་ནས་དམིགས་ས་རྒྱ་གཞུང་དང་རྒྱ་མིར་ཡིན་ཙམ་རྒྱ་ཡིག་ནང་དུ་བྲིས་པ་ཡིན། དེབ་དེ་འདི་ལོའི་ཟླ་༡༡་ནང་དུ་ཐེ་ཝན་དུ་དཔར་བསྐྲུན་བྱ་རྒྱུ་རེད། དེབ་འདི་བོད་ཡིག་ནང་དུའང་ཡོད་པ་གལ་ཆེན་ཡིན་པར་གསུངས་ཙམ་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ཀྱིས་རྒྱ་ཡིག་ནས་བོད་ཡིག་དུ་བསྒྱུར་པ་རེད། དེབ་འདི་མ་འོངས་པ་བོད་ཀྱི་མི་འབོར་སྐོར་ཉམས་ཞིབ་གནང་སྐབས་ཕན་ཐོགས་བྱུང་བའི་རེ་བ་ཡོད། ཅེས་གསུངས་སོང་།

དེ་ནས་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས་༼ བོད་ཀྱི་མི་འབོར་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཀུན་གསལ་མེ་ལོང་༽ཞེས་པའི་དེབ་འདི་ནི་རྒྱ་ཡིག་དང་བོད་ཡིག་ཡིག་ཆ་མང་པོ་ཞིག་གཞི་བཞག་གི་ཉམས་ཞིབ་ལོ་མང་བྱས་ནས་གྲུབ་པའི་དེབ་ཅིག་རེད། དེབ་འདི་ནི་ལོ་རྒྱུས་ཁྲོད་བོད་ཀྱི་མི་འབོར་སྐོར་གྱི་དེབ་གལ་ཆེན་ཞིག་ཆགས་རྒྱུ་རེད། ད་བར་བོད་ཕྱི་ནང་གཉིས་ནང་བོད་ཀྱི་མི་འབོར་སྐོར་དེབ་ཆ་ཚང་བ་ཞིག་མཐོང་མ་སོང་། དེབ་འདི་དེར་སྟོང་ཆ་སྐོང་བ་ལྟ་བུ་རེད། ཅེས་སོགས་གསུངས་སོང་།

དེབ་འདིའི་དཀར་ཆག་ནང་དུ། ལོ་རྒྱུས་ཐོག་གི་བོད་ཀྱི་མི་འབོར། དབུས་གཙང་རུ་བཞི་དང་ཞང་ཞུང་གི་མི་འབོར། མདོ་སྟོད་ཀྱི་མི་འབོར། མདོ་སྨད་གྱི་མི་འབོར། བོད་སིལ་བུའི་དུས་སྐབས་ཀྱི་མི་འབོར། དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་མི་འབོར།《རྒྱ་བོད་ཡིག་ཚང་ཆེན་མོ》པར་མ་འདྲ་མིན། མངའ་རིས་དང་མངའ་རིས་སྐོར་གསུམ། ཁྲི་སྐོར་བཅུ་གསུམ་དང་འབྲེལ་ཡོད་ཀྱི་ནང་དོན། ཨ་མདོ། མདོ་སྟོད། དགའ་ལྡན་ཕོ་བྲང་སྐབས་ཀྱི་མི་འབོར།《མཁྱེན་ཟབ་དཔའ་མཛོམས་ཀྱི་ལོ་རྒྱུས》དང་ 《བོད་ཀྱི་ལོ་རྒྱུས་དཀར་ཆག》།《བོད་ཀྱི་ལོ་རྒྱུས་དཀར་ཆག་》 གི་རྩོམ་པ་པོའི་རྒྱབ་ལྗོངས་སོགས། 《བོད་ཀྱི་ལོ་རྒྱུས་དཀར་ཆག》ལས་“ཧོར་ཚོ་སོ་དགུ་” དང་“ཤོག་ཁ་བཞི་བཅུ།” ཟེར་བའི་སྐོར་གྱི་མི་འབོར། རྒྱབ་ལྗོངས་དང་པོ། ༧གོང་ས་ཏཱ་ལའི་བླ་མའི་དབང་ཤུགས་དང་བོད་ཀྱི་ཤར་མཐའ། རྒྱབ་ལྗོངས་གཉིས་པ། ཏཱ་ལའི་བླ་མའི་ལམ་ལུགས་ཉམས་རྒུད། “ཧོར་ཚོ་སོ་དགུ་” ཟེར་བ། “ཟི་ལིང་མངའ་འོག་ཏུ་” ཟེར་བའི་ཤོག་ཁ་བཞི་བཅུ། སྐྱིད་གྲོང་གི་མི་འབོར་ཞིབ་འཇུག《དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་པོ》ནང་གསལ་བའི་དགེ་འདུན་པའི་གྲངས་ཐོ། བོད་ཀྱི་སྐྱ་སེར་གཉིས་དང་ཁྱིམ་ཚང་གི་མི་འབོར་གྱི་གྲུབ་ཆ། བོད་ཀྱི་གྲྭ་བཙུན་གྲངས་འབོར་དང་སྐྱ་སེར་གཉིས་ཀྱི་བསྡུར་ཚད། བོད་ཀྱི་གྲྭ་བཙུན་གྱི་གནའ་དེང་མི་འབོར་བསྡུར་ཚད། བོད་ཀྱི་མི་འབོར་ཁྲོད་ཀྱི་སེར་སྐྱ་གཉིས་ཀྱི་མི་འབོར་བསྡུར་ཚད།《ཆབ་མདོ་ས་ཁུལ་སྤྱི་ཚོགས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས》ལ་དབྱེ་ཞིབ།《ཡུལ་ཤུལ་ས་ཁུལ་གྱི་སྤྱི་ཚོགས་ཞིབ་འཇུག》 སྐོར་ལ་དབྱེ་ཞིབ། བོད་ཀྱི་ཁྱིམ་ཚང་གི་མི་གྲངས་ཚད་གཞི། བོད་དང་བོད་རང་སྐྱོང་ལྗོངས། རྒྱ་ནག་མི་སེར་རྒྱལ་ཁབ་སྐབས་ཀྱི་བོད་མིའི་མི་འབོར། བརྒྱད་པ། རྒྱ་དམར་གྱིས་བོད་ས་བཙན་བཟུང་རྗེས་ཀྱི་བོད་མིའི་མི་འབོར། དམག་འཁྲུག་དང་མུ་གེ འཛིན་བཟུང་ཆེན་མོ་དང་སྐབས་དེའི་འཆི་སྐྱོན། རྒྱ་ནག་གཞུང་གིས་དེའི་སྐོར་གྱི་བཤད་སྟངས། ཕྱི་ལོ་༡༩༥༣ དང་ ༡༩༦༤ ལོའི་མི་འབོར་གྲངས་ཐོ། ༡༩༨༢ ལོའི་མི་འབོར་ཞིབ་བཤེར་དང་དེ་རྗེས་ཀྱི་བོད་ཀྱི་མི་འབོར། ༢༠༢༠ ལོའི་མི་འབོར་ཞིབ་བཤེར་ལྟར་ན་བོད་ཆོལ་ཁ་གསུམ་གྱི་མི་འབོར་གནས་སྟངས། རྒྱ་ནག་གི་འཛིན་སྐྱོང་ས་ཁུལ་དབྱེ་བགོས་བྱས་པའི་ས་ཁུལ་སོ་སོའི་མི་འབོར། བོད་རིགས་ཀྱི་གྲུབ་ཚུལ་དང་མ་འོངས་པའི་འཕེལ་ཕྱོགས། མཚོ་སྔོན་རྩྭ་ཐང་སྟེང་ནས་བརླག་པའི་རྣམ་ཤེས། རྒྱལ་ཁབ་ཉེན་རྟོག་ལས་ཁུངས་ཀྱི་《ཉེན་རྟོག་ལས་དོན་སྙན་ཐོ་རགས་བསྡུས》ཞིན་ཧྭ་གསར་འགྱུར་ཁང་གི་ཕྱི་ལོ་༡༩༦༢ ལོའི་ཟླ་ ༢ ཚེས་ ༢ ཉིན་གྱི་ནང་ཁུལ་དཔྱད་ཡིག རང་ཉིད་མི་རིགས་སྲིད་ཇུས་ལག་བསྟར་བྱེད་པར་མཉམ་ཞུགས་བྱས་པའི་མྱོང་རྒྱུས། ཟུར་ལྟའམ་དཔྱད་གཞིའི་དཔེ་དེབ་དང་ཡིག་ཆ་ཁག་གཅིག་གི་མིང་གཞུང༌། དཔྱད་རྩོམ་བཅས་བཀོད་འདུག