ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༨ ཉིན། བཞུགས་སྒར་དྷ་ས་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བརྒྱད་པའི་ཐོག སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས་རྣམ་གཉིས་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་དུ་མང་མོས་ཀྱིས་བདམས་ཐོན་བྱུང་སོང་།
དེ་ཡང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བརྒྱད་པ། དོན་ཚན་ ༩༧ པའི་ནང་གསེས་ ༢ པའི་ “ཀ” ནང་། “སྲིད་སྐྱོང་དང༌། སྤྱི་འཐུས་ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་གསལ་བསྒྲགས་བྱས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་གྱི་དུས་ཡུན་རིང་དབུས་འོས་བསྡུ་ལས་ཁང་ལ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་དགོས་པར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་བྱས་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། ཡང་ན་ཚོགས་ཆུང་དེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། རྩིས་ཞིབ་སྤྱི་ཁྱབ་གཉིས་ལ་ཞོར་ལྕོགས་སུ་རྒྱབ་གཉེར་གནང་ན་སྤྱི་འཐུས་ལྷན་ཚོགས་སུ་མང་མོས་ཐག་གཅོད་བྱུང་ཚེ་དེ་དོན་བྱེད་འཐུས།” ཞེས་པའི་དགོངས་དོན་འོག འདེམས་སྒྲུག་ཚོགས་ཆུང་ནས་སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལགས་དང་། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ཤེལ་ལེ་ཀརྨ་ལེགས་བཤད་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། སྤྱི་འཐུས་རྣམ་པས་གསང་བའི་འོས་ཤོག་འཕངས་ཏེ། སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལགས་ལ་འོས་གྲངས་ ༣༠ དང་། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ཤེལ་ལེ་ཀརྨ་ལེགས་བཤད་ལགས་ལ་འོས་གྲངས་ ༡༡། རྩིས་མེད་ ༣ བཅས་བྱུང་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་ཟུར་ཚེ་རིང་གཡུ་སྒྲོན་ལགས་འོས་བསྡུའི་འགན་འཛིན་ལས་འཕར་དུ་མང་མོས་ཀྱིས་བདམས་ཐོན་བྱུང་བའི་གསལ་བསྒྲགས་དང་། དེ་བཞིན་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་པའི་ཐོག འདེམས་སྒྲུག་ཚོགས་ཆུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འཆར་འགོད་པ་ཟུར་པ་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། སྤྱི་འཐུས་རྣམ་པས་གསང་བའི་འོས་ཤོག་འཕངས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས་ལ་འོས་གྲངས་ ༣༢ དང་། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འཆར་འགོད་པ་ཟུར་པ་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ལ་འོས་གྲངས་ ༡༡། རྩིས་མེད་ ༡ བཅས་བྱུང་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས་འོས་བསྡུའི་འགན་འཛིན་ལས་འཕར་དུ་མང་མོས་ཀྱིས་བདམས་ཐོན་བྱུང་བའི་གསལ་བསྒྲགས་གནང་སོང་།
བདམས་ཐོན་བྱུང་བའི་འོས་བསྡུའི་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས་ནི། ཕྱི་ལོ་ ༡༩༦༣ ལོར་རྒྱ་གར་བྱང་ཕྱོགས་སྡེ་རུ་ལྡུན་ལ་འཁྲུངས་ཤིང་། ཧར་པ་སྤུར་གཏན་སློབ་ (SFF/CST Herbertpur) ནས་གཞི་རིམ་སློབ་སྦྱོང་གནང་བ་དང་། དེ་རྗེས་སྦེང་ལོར་ནས་དྲུག་ཡིག་སློབ་སྦྱོང་གནང་། མའེ་སོར་ནས་སྲིད་དོན་ཚན་རིག་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༡༩༨༢ ནས་ ༡༩༩༡ བར་ལོ་དགུ་ཙམ་གྱི་རིང་མ་ར་ཌ་ (MYRADA) རོགས་ཚོགས་ལས་ཁང་ནང་ཞབས་ཞུས་ཀྱིས་དེར་ལོ་གསུམ་རིང་དྲུང་ཡིག་ལས་འགན་དང༌། ལོ་གསུམ་ལས་འཆར་འགན་འཛིན་ཞབས་ཞུ་དང༌། ལོ་གསུམ་རིང་གློག་ཀླད་སྡེ་ཚན་དང་སྦྱིན་བདག་འབྲེལ་མཐུད་སྡེ་ཚན་ནང་ཞབས་འདེགས་ཞུས། ཕྱི་ལོ་ ༡༩༩༡ ནས་ ༢༠༠༠ བར་རབ་གླིང་གཞིས་ལས་ཁང་དུ་ལས་འཆར་སྡེ་ཚན་ (Project Officer) གྱི་འགན་འཛིན་ལོ་དགུ་ཙམ་ཞུས། དེ་དང་ཆབས་ཅིག་ཕྱི་ལོ་ ༡༩༩༡ ནས་ ༡༩༩༤ བར་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་དང༌། དེ་རྗེས་སླར་ཡང་ ༡༩༩༨ ནས་ ༢༠༠༥ བར་སྐབས་གཉིས་བསྟུད་མར་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མིའི་ཞབས་ཞུ་བྱས། སྐབས་དེ་དག་སྟེ་ཕྱི་ལོ་ ༡༩༩༥ ནས་ ༡༩༩༧ བར་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་འགན་ཡང་ཆབས་ཅིག་ཞུས། དེའི་སྐབས་ས་གནས་མདོ་སྨད་རྒྱུན་ལས་ཀྱི་ཚོགས་གཙོའི་ལས་ཁུར་ལོ་གསུམ་དང༌། ཡང་ཕྱི་ལོ་ ༢༠༠༠ ནས་ ༢༠༠༢ བར་ས་གནས་ཕ་མའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། དེ་དང་ཆབས་ཅིག་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་སྐབས་གཉིས་བསྟུད་མར་ཞབས་འདེགས་ཞུས་ཏེ། ཕྱི་ལོ་ ༢༠༠༡ ནས་ ༢༠༠༤ ལོ་དཀྱིལ་བར་ས་གནས་གཞོན་ནུའི་རྒྱུན་ལས་སུ་དངུལ་གཉེར་དང༌། ༢༠༠༤ ཟླ་ ༦ པ་ནས་ས་གནས་གཞོན་ནུའི་ཚོགས་གཞོན་གྱི་ལས་འགན་ཞུས་ཏེ། ཞབས་ཞུ་སྐབས་སོ་སོར་འཆར་འཕར་གྱི་ལས་འགུལ་མང་དག་ཅིག་སྤེལ་རྩོམ་ཞུས་ཏེ་གྲུབ་འབྲས་ཀྱང་གང་ལེགས་སོན་ཡོད། ཕྱི་ལོ་ ༢༠༠༥ ཟླ་ ༤ པ་ནས་ཧུན་སུར་རབ་རྒྱས་གླིང་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་སུ་མི་མང་གིས་འདེམས་ཐོན་བྱུང་ཞིང༌། དེའི་ཚོགས་གཙོར་འོས་འདེམས་བྱུང་སྟེ་ཞབས་ཞུ་བྱས། ཕྱི་ལོ་ ༢༠༠༦ ནས་ ༢༠༢༡ བར་སྐབས་གསུམ་རིང་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་ཞུས་གནང་བ་བཅས་ཀྱི་ལོ་རྒྱུས་སུ།
བདམས་ཐོན་བྱུང་བའི་འོས་བསྡུའི་འགན་འཛིན་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས་ནི། ཕྱི་ལོ་ ༡༩༥༤ ལོར་བོད་སྐྱིད་གྲོང་དུ་འཁྲུངས་ཤིང་། རྒྱལ་སྤྱིའི་སྤྱི་དམངས་འཛིན་སྐྱོང་ (International Public Administration) ཐོག་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན་དང་། ཕྱི་ལོ་ ༡༩༧༧ ཟླ་ ༧ ཚེས་ ༡ ནས་གཞོན་དྲུང་གནས་རིམ་དུ་སྤོན་ཊ་ཆོལ་གསུམ་གཞིས་ལས་ཀྱི་ཨིན་དྲུང་དང་། ༡༩༧༨ ནས་ ༡༩༩༠ བར་རྒན་དྲུང་གནས་རིམ་དུ་ཅོན་ཏ་ར་ནང་ཆེན་གཞིས་ལས་ཀྱི་རྩིས་དྲུང་། ༡༩༩༠ ནས་ ༡༩༩༣ བར་དྲུང་ལས་གནས་རིམ་དུ་སྦིར་བོད་ཚོགས་ཀྱི་གཞིས་འགོ། ༡༩༩༣ ནས་ ༡༩༩༧ བར་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དང་། ཟུང་དྲུང་གནས་རིམ་ཐོག་སློབ་ཡོན་སྡེ་ཚན་དང་། འཆར་སྡེའི་འགན་འཛིན་གཅིག་ལྕོགས། ༡༩༩༧ ནས་ ༡༩༩༩ བར་ལོ་གཉིས་རིང་ཨ་རིར་གཞུང་འབྲེལ་སློབ་སྦྱོང་ཕེབས་པ། ༡༩༩༩ ཟླ་ ༩ པ་ནས་མུ་མཐུད་ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་དང་། འཆར་སྡེའི་འགན་འཛིན་གཅིག་ལྕོགས། ༢༠༠༤ ནས་ ༢༠༡༤ བར་དྲུང་ཆེར་གནས་སྤར་ཐོག་གཞུང་ཞབས་འདེམས་ལྷན་གྱི་དྲུང་ཆེ། ༢༠༡༤ ནས་ ༢༠༡༧ བར་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ། ༢༠༡༧ ཟླ་ ༡ ཚེས་ ༡ ནས་ཤེས་རིག་དྲུང་ཆེའི་ལས་གནས་བཅས་སུ་ཐེག་པ་རིམ་འཛེགས་ཀྱིས་ཁྱོན་མི་ལོ་ ༤༠ གཞུང་ཞབས་ཞུས་མཐར་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡ ཉིན་གཞུང་ཞབས་ནས་རྒལ་ཡོལ་ཞུས་རྗེས། ༢༠༡༨ ཟླ་ ༨ ཚེས་ ༡ ནས་ད་བར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་བཙུན་མའི་ལས་འཆར་ཁང་གི་འགན་འཛིན་གྱི་ལས་ཁུར་ཞུ་བཞིན་ཡོད་པ་བཅས་ཀྱི་ལོ་རྒྱུས་སུ།
ཡོངས་ཁུངས། བོད་མི་མང་སྤྱི་འཐུས་ལྷན་ཚོགས།