ཕྱི་ལོ་༢༠༢༦ ཟླ་༥ ཚེས་༢༠ ཉིན། བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་། ཧི་མ་ལ་ཡ་ནང་པའི་རིག་གཞུང་མཐུན་ཚོགས་ཐུན་མོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར། ཚོགས་པ་གཉིས་ཀྱིས་སྤྱི་ནོར་ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་གཉིས་འབུལ་བཞེས་མཛད་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༨།༣༠་ཡས་མས་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་ནས་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་སྐབས། རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་དང་། ཧི་མ་ལ་ཡའི་ནང་ཚོགས་ཀྱི་འཐུས་ཚབ་སྒོ་མང་མཁན་ཟུར་བློ་བཟང་རྒྱལ་མཚན་དང་རྒྱུད་སྟོད་མཁན་ཟུར་བློ་བཟང་མཁས་གྲུབ། མདོ་ཁམས་ཆུ་སྒང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་སྙན་གྲགས། མདོ་ཁམས་ཆུ་སྒང་གི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་པདྨ་གྲུབ་དབང་བཅས་ཀྱིས་སྤོས་སྣེས་དང་བཅས་གདན་ཞུ་དང་། ཚོགས་ཁག་གཉིས་ཀྱི་ཁོངས་མི་རྣམས་ནས་རང་རང་གི་ཡུལ་སྲོལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ཕེབས་བསུ་དང་བཅས་ཐུབ་དབང་ལྷ་ཁང་དུ་བཞུགས་ཁྲིར་༸ཞབས་སོར་འཁོད་གནང་སོང་།
ཐོག་མར་བརྟན་བཞུགས་ཀྱི་དབུ་བཞུགས་རྡོ་རྗེ་སློབ་དཔོན་ཀུན་བདེ་གླིང་རིན་པོ་ཆེས་མཇལ་དར་རྐྱང་འབུལ་དང་འབྲེལ་ཚོགས་མང་ནས་༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་སོགས་ཞལ་འདོན་དབུ་འཛུགས་གནང་ཞིང་། བརྟན་བཞུགས་དངོས་གཞིར་བླ་མ་ལྷར་བསྐྱེད། མཆོད་བསྟོད་ཚེ་འགུགས་བཟླས་པ་ཡན་སོང་མཚམས་ཙ་རུའི་ཚོགས་འཁོར་འབུལ་བཞེས་དང་། ཀུན་བདེ་གླིང་རྟག་ཚག་རྗེ་དྲུང་སྤྲུལ་པའི་སྐུ་རིན་པོ་ཆེས་གསོལ་འདེབས་མཎྜལ་འདེགས་འབུལ་དང་ཚོགས་ཁག་གཉིས་ཀྱི་འཐུས་ཚབ་ནས་ཚོམ་བུ་ཟུར་འདེགས་ཞུས་ཤིང་། རྡོར་སློབ་མཆོག་གིས་སྐུ་གསུང་ཐུགས་རྟེན་དང་ཚེ་བུམ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་བཅས་བཤད་པ་དང་སྦྲགས་རིམ་པར་འབུལ་ལམ་ཞུས་པ་དང་། བརྟན་བཞུགས་སྦྱིན་བདག་འཐུས་མི་༢༢ ཙམ་ནས་མཇལ་ཁ་ཞུས་སོང་།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐུ་ཚབ་ཅིག་གིས་གཟེངས་རྟགས་ཀྱི་འགྲེལ་བརྗོད་སྒྲོག་སྦྱང་གནང་དོན། འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག དགུང་གྲངས་༩༠ ཧྲིལ་པོ་བཞེས་པའི་སྐལ་བཟང་གི་དུས་སྐབས་འདི་དང་བསྟུན། དད་འབངས་མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་ཐུན་མོང་ནས། དགའ་ དད་སྤྲོ་གསུམ་གྱིས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་ཞིང༌། བསྟན་དང་འགྲོ་བའི་དོན་ཆེན་འབད་མེད་ལྷུན་གྱིས་འགྲུབ་པ་དང༌། བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་སོར་མགྱོགས་ནས་མྱུར་དུ་འཁོད་ དེ་གཞིས་བྱེས་ལྷན་འཛོམས་ཀྱིས་སྐལ་བཟང་མངོན་དུ་ཤར་བའི་སྨོན་འདུན་གྲངས་མེད་ཞུ།
དེ་ཡང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་དབུ་བཞུགས་ཐོག མཁན་བླ་དགེ་བཤེས་བཙུན་མ་སྔགས་འཆང་སོགས་ཞལ་གྲངས་༡༣༥ ནས་ཉིན་གྲངས་གསུམ་རིང་སྒྲུབ་ཞག་ལེགས་པར་གནང་སྟེ། ༧གོང་ས་སྐུ་ཕྲེང་རིམ་པར་བྱོན་པ་དང་། ལྷག་པར་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྐུ་ཚེ་གང་པོར་ཆོས་སྲིད་གཉིས་ཀྱིས་མཛད་པ་བསམ་གྱིས་མི་ཁྱབ་པ་བསྐྱངས་པའི་བཀའ་དྲིན་གཏང་རག་མཚོན་ཆེད་ གཟེངས་རྟགས་རིགས་གསུམ་པད་མའི་རང་མདངས། རྒྱལ་བ་རིག་གསུམ་མགོན་པོའི་ཕྱག་མཚན་གསེར་དངུལ་བཀྲ་མའི་སེང་གེས་བཏེགས་པ།
པདྨས་སྤྱན་རས་གཟིགས་ཀྱི་ཐུགས་རྒྱུད་ཀྱི་བརྩེ་བ་སྙིང་རྗེ་ཆེན་པོ་དང༌། རྡོ་རྗེས་ཕྱག་ན་རྡོ་རྗེའི་ཐུགས་རྒྱུད་ཀྱི་མཐུ་སྟོབས་ནུས་པ། རལ་གྲིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་རྒྱུད་ལ་མངའ་བའི་མཁྱེན་རབ་མཚོན་ཞིང༌།
རང་ཅག་བོད་ཁ་བ་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། རིགས་གསུམ་སྒྱུ་འཕྲུལ་གཅིག་ཏུ་འདུས་པའི་བདག་ཉིད། མཁྱེན་བརྩེ་ནུས་གསུམ་གྱི་བླ་མ། ༸གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཁོ་ནར་ངེས་ཤིང་། ཕྱག་མཚན་རྣམས་གསེར་ཁྲི་ཁམས་གསུམ་ཟིལ་གནོན་གྱི་སྟེང་དུ་ལྷང་ངེར་བཏེགས་པ། མགོན་པོ་གང་ཉིད་བོད་མི་རིགས་ཀྱི་ མགོན་དཔུང་དམ་པར་ཞབས་པད་གཡོ་བ་མེད་པར་རྟག་ཏུ་གནས་པར་མཚོན།
གཡས་གཡོན་གཉིས་ཀྱི་པདྨ་ཟུང་གིས་ལུགས་གཉིས་ཀྱི་འཕྲིན་ལས་མཚོན་ཞིང༌། པདྨ་གཉིས་ཀྱི་ཡུ་ བ་ཆུ་རིས་ཀྱི་རྣམ་པ་ཅན་བཞིས་ཆུ་བཞི་དང༌། ལོ་འདབ་དྲུག་གིས་སྒང་དྲུག དཀྱིལ་གྱི་པདྨ་དང་ཉེ་བར་འབྲེལ་བ་འདི་དག་གིས། བོད་མི་རིགས་འཇིག་ཉེན་གྱི་སོ་མཚམས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་ བསྟན་སྲུང་དང་བླངས་དམག་གིས་རྒྱལ་བསྟན་ཆབ་སྲིད། ༸རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་ཕྱྭའི་ སྲུང་སྐྱོབ་དང་དད་དམ་གཡོ་བ་མེད་པའི་ལྷག་བསམ་རྣམ་པར་དག་པ་མཚོན་ཞིང༌།
འབུལ་མཚོན་གཙོ་བོ། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་གསེར་ཟངས་ལས་གྲུབ་པ། ཁྲུ་ཚད་དབྱིན་ཇི་༡༥ ཅན། གྲངས་༡༡༣ གསར་བཞེངས་ཞུས་ཏེ། ལྷ་བླའི་ལུང་བསྟན་དང༌། ༸མགོན་པོ་གང་ཉིད་ཀྱིས་ཐུགས་དམ་གཡོ་བ་མེད་པའི་ཞལ་བཞེས་གནང་དོན་ལྟར། མགོ་ནག་བོད་མི་ཡོངས་དང་འཛམ་གླིང་དད་ལྡན་སྐྱེ་འགྲོ་ཡོངས་ཀྱི་མངོན་འདོད་བཞིན་དགུང་གྲངས་༡༡༣ ལྷག་བརྟན་པར་བཞུགས་རྒྱུའི་རྟེན་འབྲེལ་མ་འཁྱུག་པར་མངོན་འགྱུར་ཡོང་བའི་རྟེན་དུ་ཕུལ།
བོད་གཞིས་བྱེས་གཉིས་ནས་སྐུ་ཕྱྭའི་ཞབས་རིམ་དུ། མ་ཎི། འོད་མཚན། སི་དྷི། སྐྱབས་འགྲོ། དམིགས་བརྩེ་མ། ཡིག་བརྒྱ་སོགས་དུང་ཕྱུར་༥༠ ལྷག་སྨིན་བསྒྲུབས་དང༌། ཤིང་སྣ་༡༡༣ འདེབས་འཛུགས། སྲོག་བསླུ། དབུལ་པོ་སྦྱིན་གཏོང་སོགས་ཀྱིས་མཚོན་ལོ་འཁོར་མོ་༧སྐུའི་འཁྲུངས་སྐར་སྲུང་བརྩི་དང༌། ཁྱབ་ཁོངས་ས་གནས་ཁག་དང་ཟུང་འབྲེལ་ཐོག བོད་མིའི་སྒྲིག་འཛུགས་ཀྱི་བྱམས་བརྩེ་ལོ་ཚུལ་བཞིན་སྲུང་བརྩི་ཞུས་ཡོད།
མཐའ་དོན། ༸མགོན་པོ་གང་ཉིད་ཀྱི་སྐུ་ཕྱྭའི་སྲུང་སྐྱོབ་དང༌། བཙན་བྱོལ་དུ་ཕེབས་སྐབས་ཕེབས་བགྲོད་བདེ་ལྡན་གྱིས་ལམ་སྲུང་ཞུ་མཁན། ཛ་སག་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་དབུས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གིས་བློས་བཏང་དང༌། རྒྱལ་གཅེས་ལྷག་བསམ་ལ་ཐུགས་སྨོན་བརྩེ་བས་རྟག་ཏུ་གཟིགས་ཤིང༌། ༸སྐྱབས་མཆོག་ཡིད་བཞིན་ནོར་བུས་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་གསོལ་འདེབས་སྨོམ་ལམ་རྩེ་གཅིག་ཏུ་ཞུས་པ་ལ། ཐུགས་རྗེའི་སྐྱབས་འོག་ནས་ནམ་ཡང་འདོར་བ་མེད་པའི་བརྩེ་བས་གཟིགས་པ་མཁྱེན་མཁྱེན་མཁྱེན། ཞེས་བཀླགས་སོང་།
ཧི་མ་ལ་ཡ་ནང་པའི་རིག་གཞུང་མཐུན་ཚོགས་ཀྱི་སྐུ་ཚབ་ཅིག་གིས་བཀའ་དྲིན་རྗེས་དྲན་གྱི་བྱམས་བརྩེའི་གཟེངས་རྟགས་ཀྱི་འགྲེལ་བརྗོད་སྒྲོག་སྦྱང་གནང་དོན། སྐུ་ཡི་བཀོད་པ་གངས་ཅན་ཞིང་དུ་བལྟམས། །གསུང་གི་འཕྲིན་ལས་འཛམ་གླིང་ཡོངས་ལ་ཁྱབ། །ཐུགས་ཀྱི་བྱམས་བརྩེས་སྐྱེ་འགྲོ་ཡོངས་ལ་གཟིགས། །ཞི་བདེའི་དེད་དཔོན་བསྟན་འཛིན་རྒྱ་མཚོར་འདུད། །ཅེས་བསྟོད་ཕྱག་གིས་སྔོན་བསུས་ཏེ། དེ་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་མིའི་རྣམ་རོལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུའི་མཚན་དཔེ་མངོན་པར་བཞད་དེ་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་དང་འབྲེལ། འཛམ་གླིང་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་བོད་ཁ་བ་གངས་ཅན་པ། ཡང་སྒོས་རྒྱ་གར་མཐའ་མཚམས་ཁག་གི་ཧི་མ་ལ་དང་། འབྲུག །བལ་ཡུལ་བཅས་ཀྱི་ཧི་མ་ལ་ཡའི་དད་དམ་གཡོ་བ་མེད་པའི་སྐྱེ་འགྲོ་ཡོངས་ལ་མགོན་པོ་གང་གི་བཀའ་དྲིན་གཞལ་དུ་མེད་ཅིང་ད་ལམ་བཀའ་དྲིན་གྱི་ཆ་ཕྲ་མོ་ཙམ་གསབ་པའི་སླད་དུ། བརྟན་བཞུགས་བསྟར་འབུལ་དང་འབྲེལ། བཀའ་དྲིན་རྗེས་དྲན་གྱི་བྱམས་བརྩེའི་གཟེངས་རྟགས་འདི་བཞིན་གུས་འབུལ་ཞུས།
གཟེངས་རྟགས་ཀྱི་མཚོན་དོན་ནི།
༡༽ འཛམ་གླིང་གླིང་ཆེན་ལྔའི་སྐྱེ་འགྲོ་རྣམས་ལ་མགོན་པོ་གང་གི་ཐུགས་བྱམས་པ་དང་སྙིང་རྗེ། ཡེ་ཤེས་ལྔའི་འཕྲིན་ལས་རྒྱུན་མི་ཆད་པར་འཇུག་པའི་མཚོན་དོན་དུ། རྒྱུ་རིན་ཆེན་དངུལ་ལས་གྲུབ་པའི་གཏེར་ཆེན་གྱི་བུམ་པ་རིན་ཆེན་སྣ་ལྔས་བཀང་ཞིང་བཀྲ་ཤིས་རྟགས་བརྒྱད་ཀྱི་འབུར་རིས་རིན་ཆེན་གསེར་ཚག་ཚར་དུ་དངར་བས་བརྒྱན་པ།
༢༽ འགྲོ་བ་མིའི་རིགས་ཡོངས་ལ་བྱམས་བརྩེའི་སྤྱོད་པ་དར་དཀར་ཡུག་གཅིག་གིས་ཁྱབ་ཅིང་ཆོས་ལུགས་རིགས་སུ་མ་མཆིས་པ་མཐུན་ལམ་གོང་བུ་གཅིག་ཏུ་བསྒྲིལ་བའི་མཚོན་དོན་དུ། བཀྲ་ཤིས་པའི་ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བའི་ཏོག་གིས་བརྒྱན་པ།
༣༽ བོད་ཀྱི་ཆོས་དང་རིག་གཞུང། སྐད་དང་ཡི་གེ །བོད་ཀྱི་བདེན་དོན་ཁོག་ཡུག་དང་བཅས་པ་རྒྱུན་འཛིན་དང་ཉམས་གསོ་མཛད་པའི་མཚོན་བྱེད་དུ། མདུན་དུ་རང་ཅག་ཁ་བ་རི་པའི་ཐུན་མོང་མ་ཡིན་པའི་བོད་ཀྱི་ཡི་གེའམ་བྷོ་ཊའི་ཡིག་གེས་མཚན་བྱང་བཀོད་པ།
༤༽ རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་དང་འབྲེལ་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་འཛུགས་བསྐྲུན་གནང་རྒྱུའི་རླབས་ཆེན་དགོངས་གཞི་དང་མཛད་འཕྲིན་རྣམས་མཚོན་ཆེད་དུ། གཡས་སུ་ཧིན་དྷི་དང། གཡོན་དུ་དབྱིན་ཡིག་ཐོག་མཚན་བྱང་བཀོད་པ་བཅས་སོ།། ཞེས་བཀླགས་སོང་།
མཐའ་མར། གཏང་རག་མཎྜལ་འབུལ་སྐབས་བརྟན་བཞུགས་སྦྱིན་བདག་མདོ་ཁམས་ཆུ་སྒང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་སྙན་གྲགས་ལགས་ཀྱིས་མཎྜལ་ཚོམ་བུ་འདེགས་འབུལ་དང་། དགའ་ལྡན་ཤར་བྱང་གི་མཁན་རིན་པོ་ཆེ་རྣམ་གཉིས་དང་སྒོ་མང་མཁན་ཟུར་བློ་བཟང་རྒྱལ་མཚན་བཅས་ནས་སྐུ་གསུང་ཐུགས་གསུམ་གྱི་རྟེན་རིམ་པར་ཕུལ་བ་སོགས་བརྟན་བཞུགས་ཀྱི་གནང་སྒོ་ལེགས་པ་གྲུབ་སོང་།