དེ་ཡང་། ཟླ་འདིའི་ཚེས་༢༠་ནས་༢༡ རིང་། བཞུགས་སྒར་དྷ་རམ་སའི་ལྷ་རྒྱལ་རི་ལ་ཡོད་པའི་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་དུ་། ༸གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་དང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་གཉིས་ཀྱིས་གོ་སྒྲིག་འོག སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རེ་དང་མཛད་རྗེས། བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན། ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཚོགས་ཤིག་འདུག ཚོགས་ཆེན་དེའི་ཐོག་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བཙུན་དགོན་༡༣ ནས་བཙུན་མ་དང་ཚོགས་བཅར་བ་གྲངས་༨༦ མཉམ་ཞུགས་གནང་ཡོད་འདུག

ཚོགས་ཆེན་དེའི་དབུ་འབྱེད་མཛད་སྒོ་ཐོག སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་དཔལ་བཟང་པོ་མཆོག་ཆེས་ཕེབས་གནང་ནས་བཀའ་སློབ་གནང་ཡོད་འདུག སྐབས་དེར་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་། བོད་ཀྱི་བཙུན་མའི་ལས་འཆར་འགན་འཛིན་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། ཏཱ་ལའི་བླ་མ་དགེ་རྩ་ཚོགས་པའི་དྲུང་ཆེ་འཇམ་དཔལ་ལྷུན་གྲུབ་ལགས། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། ༸སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷ་རྡོར་ལགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས། རྣམ་རྒྱལ་གྲྭ་ཚང་གི་སློབ་སྤྱི་དགེ་བཤེས་ཐུབ་བསྟན་ཡར་འཕེལ་ལགས། སྒྲོལ་མ་གླིང་བཙུན་དགོན་སློབ་གྲྭའི་སློབ་སྤྱི་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས། ཤེས་རིག་དྲུང་འཕར་བསྟན་འཛིན་པདྨ་ལགས། དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་འགན་འཛིན་བསྟན་འཛིན་སྒྲོལ་དཀར་ལགས་བཅས་ཕེབས་གནང་ཡོད་འདུག

ཉིན་གཉིས་ཀྱི་ཚོགས་ཆེན་རིང་དགེ་བཤེས་མ་ཁག་ཅིག་དང་མཁས་དབང་ཁག་ཅིག་བཅས་ནས་དགེ་བཤེས་མའི་ཕྱག་འཁྱེར་འབུལ་སྲོལ་གྱི་བྱུང་རིམ་དང་། ཤེས་ཡོན་གྱི་གནས་ཚད་དང་བསླབ་གཞིའི་རྩ་འཛིན་ཡར་རྒྱས་གཏོང་ཐབས། འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་རྣམ་ཐར། མ་འོངས་པའི་འཆར་སྣང་། རྒྱལ་སྤྱིའི་ནང་ངོས་འཛིན་དང་མཉམ་ལས། སྤྱི་ཚོགས་དང་དགོན་སྡེའི་ནང་དུ་དགེ་བཤེས་མའི་འགོ་ཁྲིད། སྒྲིག་འཛུགས་ཀྱི་རྒྱབ་སྐྱོར་དང་ངོས་འཛིན། གདོང་ལེན་དང་ཐབས་ལམ་བཅས་ཀྱི་ཐོག་གཏམ་བཤད་དང་བགྲོ་གླེང་གནང་འདུག

ཚོགས་འདུའི་མཇུག་བསྡུས་མཛད་སྒོའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་འདུག སྐབས་དེར། ཁོང་གིས་བཙན་བྱོལ་དུ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་སླར་གསོ་དང་། རྒྱལ་སྤྱིའི་སྟེང་བོད་དོན་ཐོག་རྒྱབ་སྐྱོར་ཐོབ་བཞིན་པ། ལྷག་པར་དགེ་བཤེས་མའི་ཕྱག་འཁྱེར་འབུལ་བཞེས་ཀྱི་ལམ་སྲོལ་རྒྱུན་མཐུད་གནས་ཐུབ་པ་བཅས་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཡིན་ཞེས་གསུངས་འདུག

དེ་ནས་ཁོང་གིས་དེང་སྐབས་དགོན་སྡེ་ཁག་ཏུ་བོད་མི་གྲྭ་བཙུན་དུ་ཞུགས་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡང་གནས་སྟངས་དེ་ཕྱོགས་གཞན་ནས་བལྟས་ཚེ་ཧི་མ་ལ་ཡའི་རི་རྒྱུད་ནས་དགོན་སྡེ་ཁག་ཏུ་གྲྭ་བཙུན་ཞུགས་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། ཁོང་ཚོས་བོད་ཀྱི་ཆོས་དང་སྐད་ཡིག་སློབ་གཉེར་གནང་བ་དེ་ལེགས་པའི་ཆ་ཞིག་ཏུ་ངོས་འཛིན་གནང་ཡོད། དེ་བཞིན་དགོན་སྡེ་ཁག་ཏུ་བསླབ་པ་སློབ་གཉེར་གནང་རྗེས་སྤྱི་ཚོགས་ནང་ཕན་ཐོགས་སྒྲུབ་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་བཙུན་རྣམས་རང་ཡུལ་དུ་ཕེབས་ཏེ་རྒྱ་ཆེ་མི་མང་ལ་ཕན་ཐོགས་སྒྲུབ་དགོས་པ་གསུངས་འདུག