གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ ཐོག བཞུགས་སྒར་དྷ་རམ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། འོས་བསྡུའི་འགན་འཛིན་བློ་བཟང་ཡེ་ཤེས་མཆོག ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་དང་སྤྱི་འཐུས་རྣམ་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་མཉམ་ཞུགས་ཐོག ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་ནས་སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འདེམས་ཐོན་ཚོགས་གཙོ་སྒྲོལ་མ་ཚེ་རིང་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་རྣམ་གཉིས་ཀྱིས་ལས་འཁུར་དམ་འབུལ་ཞུས་སོང་།

དེ་ཡང་། འདི་ལོ་ཟླ་༥ ཚེས་༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་ནས་སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱིས་ལས་ཁུར་དམ་འབུལ་ཞུས་འདུག དེ་ནས་ཆུ་ཚོད་༡༠ པའི་ཐོག སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འདེམས་ཐོན་སྤྱི་འཐུས་རྣམས་ཀྱིས་བར་བརྒལ་ཚོགས་གཙོ་མདུན་ནས་ལས་འཁུར་དམ་འབུལ་ཞུས་སོང་།

ཉིན་དེའི་ཉིན་རྒྱབ་ཆུ་ཚོད་༢ པའི་ཐོག འོས་བསྡུ་ལས་ཁང་གི་གཙོ་སྐྱོང་འོག སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམ་པས་སྤྱི་ལྷན་གྱི་ཚོགས་གཙོ་དང་ཚོགས་གཞོན་གཉིས་འོས་བསྡུ་གནང་སོང་། ཚོགས་གཙོའི་འོས་ཁོངས་ནས་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་ལ་འོས་གྲངས་ ༢༢ དང་། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་འོས་གྲངས་༢༠། རྩིས་མེད་ ༣ བཅས་བྱུང་སྟེ། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་སོང་། དེའི་རྗེས་མུ་མཐུད་ཚོགས་གཞོན་འོས་འཕེན་གནང་ནས་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་འོས་གྲངས་༢༢ དང་། སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་ལ་འོས་གྲངས་༢༠། རྩིས་མེད་ ༣ བཅས་བྱུང་སྟེ། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཚོགས་གཞོན་དུ་འདེམས་ཐོན་བྱུང་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་༩།༣༠ ཐོག ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། འདེམས་ཐོན་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་སོང་། དེ་ནས་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་དུ་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ལས་ཁུར་དམ་འབུལ་ཞུས་པ་དང་སྦྲགས། དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད་གནང་སོང་།

དེའི་རྗེས། འདེམས་ཐོན་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་སོང་། དེ་ནས་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་དུ་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ལས་ཁུར་དམ་འབུལ་ཞུས་ཤིང་། དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད་གནང་སོང་།

མཐའ་མར། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་མཛད་གཙོ་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་དར་སྒྲོན་འབུལ་ཞུས་རྗེས། ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ལ་འཚམས་འདྲིའི་མཇལ་དར་སྒྲོན་ཏེ་དམ་འབུལ་གྱི་མཛད་སྒོ་གྲོལ་སོང་།