ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༨ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་ནས་སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། སྐབས་དེར་དབུ་འོས་བསྡུའི་འགན་འཛིན་མཆོག་གིས་ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༨ ཉིན་ནས་གཏན་འབེབས་འོས་མི་སོ་སོ་དང་དེ་དག་གི་རྒྱབ་སྐྱོར་བ་རྣམས་ནས་འོས་སྒྲིག་ལྟར་འོས་བསྡུའི་དྲིལ་བསྒྲགས་གནང་ཆོག་པ་ཡིན། དངོས་གཞིའི་འོས་འཕེན་སྐབས་འོས་ཤོག་ནང་འོས་འདེམས་སུར་བྱེད་རེའུ་མིག་ནང་གསལ་ཨང་རིམ་སྟེང་འོས་ཐམ་མ་ནོར་བ་རྒྱག་དགོས་པ་ལས། འགྲིག་རྟགས་དང་ནོར་རྟགས་སོགས་རྒྱག་མི་ཆོག་ཞེས་གསུངས་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་དང་། འོས་བསྡུའི་ལས་རོགས་འཕར་མ་ཚེ་རིང་གཡུ་སྒྲོན་ལགས་དང་། སྣང་ས་ཆོས་སྒྲོན་ལགས་བཅས་ནས་སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་།
ཐོག་མར། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་གསུང་དོན། འོས་བསྡུའི་སྒྲིག་གཞི་དོན་ཚན་༤༩ ནང་གསེས་ ༣ པའི་ ཀ༽ ནང༌། “དངོས་གཞིའི་འོས་བསྡུ་བྱ་རྒྱུའི་ཉིན་གྲངས་༢༠ གོང་། དབུས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་སྔོན་སོང་ནང་གསལ་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་ཉིས་ལྡབ་ཐོག་དང་བླངས་ཇི་ཡོད་སོ་སོའི་ལོ་རྒྱུས་མདོར་བསྡུས་རེ་དང་། འདྲ་པར། འོས་གཞིའི་མཚོན་རྟགས་བཅས་མཐའ་བསྡོམས་གཏན་འབེབས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་བྱེད་དགོས་”ཞེས་གསལ་བ་བཞིན། ཐོབ་ཁུངས་སོ་སོའི་དངོས་གཞིའི་འོས་དམིགས་སུ་དབུས་གཙང་ཆོལ་ཁའི་ཁོངས་འོས་གཞི་གྲངས་༢༠ དང་། མདོ་སྟོད་ཆོལ་ཁའི་ཁོངས་འོས་གཞི་གྲངས་༢༠ ཐོག་དང་བླངས་ ༡། མདོ་སྨད་ཆོལ་ཁའི་ཁོངས་འོས་གཞི་གྲངས་༢༠། ཆོས་བརྒྱུད་ལྔ་ནས་འོས་གཞི་ གྲངས་༤ རེ་དང་། ཡུ་རོབ་དང་ཨ་ཕི་རི་ཀ་ནས་འོས་གཞི་གྲངས་༤ ཐོག་དང་བླངས་ ༡། ལྷོ་བྱང་ཨ་རི་ནས་འོས་གཞི་གྲངས་༤ སྟེང་དང་བླངས་༡། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལི་ཤི་ཡའི་ཐོབ་ཁོངས་ནས་འོས་གཞི་གྲངས་༢ བཅས་ལ་སྒྲིག་གསལ་ལྟར་གཏན་འབེབས་ཞུས་ཡོད། ཅེས་དང་།
ཁོང་གིས་མུ་མཐུད་ནས་གསུང་དོན། སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་རྣམས་ཀྱི་མཚན་གཞུང་དང་དོ་བདག་སོ་སོའི་ལོ་རྒྱུས་ས་གནས་འོས་བསྡུ་ལས་ཁང་བརྒྱུད་འགྲེམས་སྤེལ་ཞུ་རྒྱུ་དང༌། དེ་བཞིན་དབུས་འོས་བསྡུ་ལས་ཁང་གི་གཞུང་འབྲེལ་དྲྭ་རྒྱའི་ནང་ལའང་འཇོག་རྒྱུ་ཡིན་པར། འོས་འཕེན་པ་རྒྱ་ཆེ་མང་ཚོགས་ནས་ཐུགས་སྣང་ངེས་པར་གནང་དགོས་རྒྱུ། དེ་རིང་སྟེ་ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༨ ཉིན་ནས་གཏན་འབེབས་འོས་མི་སོ་སོ་དང་དེ་དག་གི་རྒྱབ་སྐྱོར་བ་རྣམས་ནས་འོས་སྒྲིག་ལྟར་འོས་བསྡུའི་དྲིལ་བསྒྲགས་གནང་ཆོག་པ་ཡིན། འོས་བསྡུའི་སྒྲིག་གཞི་དོན་ཚན་༢༤ (༧)(ཁ) དགོངས་དོན་ལྟར། ཕྱི་ལོ་༢༠༢༦ ཟླ་ ༤ ཚེས་ ༢༣ ཕྱི་དྲོ་ཕྱག་ཚོད་ ༥།༠༠ ནས་འོས་བསྡུའི་དྲིལ་བསྒྲགས་ལས་དོན་ཡོངས་རྫོགས་མཚམས་འཇོག་དགོས་རྒྱུ། ཞེས་དང་།
འོས་བསྡུ་འགན་འཛིན་མཆོག་གིས་གསུང་དོན། ཕྱི་ལོ་༢༠༢༦ ཟླ་ ༤ ཚེས་ ༢༦ ཉིན་འོས་བསྡུའི་ལས་རིམ་གཏན་འབེབས་ལྟར་བོད་མིའི་འདུ་སྡོད་ས་ཁུལ་ཡོངས་ལ་དངོས་གཞིའི་འོས་བསྡུ་གནང་རྒྱུ་ཡིན་པར་སོང་། རྒྱ་ཆེ་མང་ཚོགས་ནས་འོས་བསྡུའི་ནང་ཆ་ཤས་ངེས་པར་དུ་བཞེས་དགོས་པ་ནན་སྐུལ་ཞུ་རྒྱུ། དངོས་གཞིའི་འོས་འཕེན་སྐབས་འོས་ཤོག་ནང་འོས་འདེམས་སུར་བྱེད་རེའུ་མིག་ནང་གསལ་ཨང་རིམ་སྟེང་འོས་ཐམ་མ་ནོར་བ་རྒྱག་དགོས་པ་ལས། འགྲིག་རྟགས་དང་ནོར་རྟགས་སོགས་རྒྱག་མི་ཆོག འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༤(༢) དགོངས་དོན་ལྟར་དངོས་གཞིའི་འོས་འཕེན་སྐབས་འོས་འདེམས་སུར་བྱས་ཀྱི་པར་བཤུས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་སྤེལ་བྱས་པ། འོས་ཐམ་གང་ཡང་མི་གསལ་བ། གྲངས་ཚད་ལས་བརྒལ་བའི་འོས་ཐམ་རྒྱབ་པ། འོས་འདེམས་སུར་བྱས་ངོས་འཛིན་མི་བདེ་བའི་འོས་ཐམ་རྒྱབ་པ། འོས་ཤོག་ནང་མི་གསལ་བའི་རང་མོས་འོས་གཞིའི་མིང་བཀོད་པ། འོས་ཤོག་ངོ་མ་མ་ཡིན་པའི་དོགས་གནས་ཅན་སོགས་འཐོན་ཚེ་འོས་ཤོག་རྩིས་མེད་གཏོང་རྒྱུ་ཡིན་པས་ཐུགས་གཟབ་གནང་གལ། ཞེས་དང་།
ཁོང་གིས་དབང་པོ་སྐྱོན་ཅན་ལ་རོགས་རམ་ལེན་ཆོག་པའི་སྐོར་ནས་ནས་གསུང་དོན། འོས་བསྡུའི་སྒྲིག་གཞི་དོན་ཚན་༡༩ ནང་གསེས་༡ ནང་གསལ་ལྟར། དངོས་གཞིའི་འོས་བསྡུའི་སྐབས་ལོང་བ་དང༌། ལག་པ་གཉིས་ཀ་མེད་པའི་དབང་པོ་སྐྱོན་ཅན་ཁོ་ནར་འོས་བསྡུའི་སྤྱིལ་བུའི་ནང་རོགས་པ་མཉམ་ཁྲིད་ཆོག་པ་ཡིན། ཞེས་དང་།
འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་གསུང་དོན། ད་ལན་སྔོན་འགྲོའི་འོས་བསྡུའི་སྐབས་ས་གནས་རེ་བཟུང་ལ་འོས་བསྡུའི་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན་ཁག་ཅིག་ལ་འགལ་འཛོལ་བྱུང་ཡོད་སྐོར་འདི་གར་སྙན་སེང་ཞུ་མཁན་བྱུང་ཡོད་པ་དཔེར་ན། འོས་བསྡུའི་སྒྲིག་གཞི་ ༢༤ (༧)(ཁ) དགོངས་དོན་འོས་བསྡུའི་ཉིན་གཉིས་གོང་འོས་བསྡུའི་དྲིལ་བསྒྲགས་མཚམས་འཇོག་བྱེད་དགོས་པ་དེ་ལྟར་ཡང་། ས་གནས་ཁག་ཅིག་ལ་དེ་ལྟར་མ་བྱུང་བ་མ་ཟད་འོས་བསྡུའི་ཉིན་མོར་ཡང་འོས་གཞིའི་མིང་གཞུང་ཤོག་འཛར་འགྲེམས་སྤེལ་བྱེད་པ་སོགས་བྱུང་འདུག་པ་སྒྲིག་འགལ་ཚབས་ཆེ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ན། དངོས་གཞིའི་འོས་བསྡུའི་སྐབས་སྒྲིག་འགལ་དེ་རིགས་བྱུང་ཚེ་ཉེས་ཆད་ཡན་པོར་མ་སོང་བ་གཏོང་རྒྱུ་ཡིན་པ་ཐུགས་གཟབ་གནང་དགོས་རྒྱུ། ཞེས་གསུངས་སོང་།
དབུ་འོས་བསྡུ་ལྷན་ཁང་ནས་རེ་སྐུལ་ཞུ་དོན། མཐོ་སློབ་བསྐྱོད་བཞིན་པའི་རང་རེའི་གཞོན་སྐྱེས་མང་དག་ཅིག་ནས་ད་ལམ་སྔོན་འགྲོའི་འོས་བསྡུ་ནང་ཆ་ཤས་བཞེས་ཐུབ་མེད་པ་ནི་བློ་འཚབ་ཀྱི་རང་བཞིན་ལ་སོང་། གཞོན་སྐྱེས་རྣམས་ལ་མ་འོངས་བོད་ཀྱི་འཐབ་རྩོད་སྣེ་ཁྲིད་ཀྱི་ལས་འགན་ཡོད་པར་བརྟེན་དངོས་གཞིའི་འོས་བསྡུའི་ནང་ངེས་པར་ཆ་ཤས་བཞེས་དགོས་པ་བཅས་ཀྱི་གསར་འགོད་གསལ་བསྒྲགས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
འོས་བསྡུའི་ལས་རོགས་འཕར་མ་ཚེ་རིང་གཡུ་སྒྲོན་ལགས་དང་སྣང་ས་ཆོས་སྒྲོན་ལགས་རྣམ་གཉིས་ཀྱིས་བོད་མི་མང་སྤྱི་འཐུས་སྐབས་༡༨ པའི་དབུས་གཙང་ཆོལ་ཁའི་དངོས་གཞིའི་འོས་མི་དང་། མདོ་སྟོད་ཆོལ་ཁའི་དངོས་གཞིའི་འོས་མི། མདོ་སྨད་ཆོལ་ཁའི་འོས་མི། ཆོས་བརྒྱུད་ཁག་གི་དངོས་གཞིའི་འོས་མི། ཡུ་རོབ་དང་ཨ་ཧྥི་རི་ཀའི་དངོས་གཞིའི་འོས་མི། ལྷོ་བྱང་ཨ་རིའི་དངོས་གཞིའི་འོས་མི། ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལི་ཤི་ཡའི་དངོས་གཞིའི་འོས་མི་བཅས་ཀྱི་མིང་ཐོ་བཀླགས་གནང་སོང་།
མཐའ་མར། གསར་འགོད་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་སོང་། སྐབས་དེར། འདི་ག་གསར་འགོད་པས་སྔོན་འགྲོའི་འོས་བསྡུ་སྐབས་འོས་ཤོག་གྲངས་ག་ཚོད་རྩིས་མེད་དང་འཕྲོག་བརླག་ཕྱིན་ཡོད་མེད་སྐོར་ལ་འདྲི་སྐབས། འོས་བསྡུ་འགན་འཛིན་མཆོག་གིས་འདི་ལོ་སྔོན་འགྲོའི་འོས་བསྡུ་སྐབས་འོས་ཤོག་གྲངས་༡༨༠༠ ལྷག་འཕྲོག་བརླག་སོང་ཡོད་སྐོར་གསུངས་སོང་།