ཕྱི་ལོ་༢༠༢༥ ཟླ་༩ ཚེས་༡༡ ཉིན། སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་གཉིས་པའི་ཐོག བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་ཅན་ཞིག་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།
དེ་ཡང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། ཟླ་༩ པའི་ཚེས་༡༡ ཉིན་ཚོགས་དུས་བཅུ་པའི་ལས་ཉིན་གཉིས་པའི་ཐོག ཡིག་ཆ་ཨང་ ༡༣ པ། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བགྲོ་གླེང་དང་བཅས་དོན་ཚན་ལྔ་ཅན་གྱི་བཀའ་དྲིན་རྗེས་དྲན་གྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།
གྲོས་ཆོད་ནང་གཙོ་བོ། བོད་མིའི་ཆོས་ཚོགས་ཐེངས་༡༥ པ་བསྐྱངས་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་རྒྱུའི་ཞལ་བཞེས་བཟང་པོ་བཀའ་དྲིན་སྩལ་སྨིན་བྱུང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། རྒྱ་ནག་གཞུང་ནས་ཆབ་སྲིད་ཀྱི་དགོས་དབང་གིས་ཐེ་བྱུས་བྱས་རིགས་བྱུང་ཚེ་ངོས་ལེན་ནམ་ཡང་མེད་པ། མགོན་པོ་གང་ཉིད་ནས་བོད་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་རིང་། གཞིས་བྱེས་ཆོལ་གསུམ་བོད་རིགས་ཡོངས་སུ་རྫོགས་པ་རྡོག་རྩ་གཅིག་སྒྲིལ་ངང་། བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་ཁག་རིས་སུ་མ་མཆིས་པ་རྣམས་བཙན་བྱོལ་དུ་སླར་གསོ་ཐུབ་པ། བཙན་བྱོལ་ནང་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་དང་། ཉམས་པ་སླར་གསོ་ཞུ་ཐུབ་ཡོད་པ་མ་ཟད། དེ་དག་ལ་རྒྱལ་སྤྱིའི་ནང་དོ་སྣང་དང་ཆེ་མཐོང་སླེབས་ཐུབ་པ། བོད་བརྒྱུད་ནང་བསྟན་ལ་འཛམ་གླིང་ནང་དམིགས་བསལ་དགའ་གུས་དང་། དོ་སྣང་བྱེད་གཞི་ཞིག་ཏུ་གྱུར་ཐུབ་པ་བཅས་མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་ཁོ་ན་ལས་བྱུང་བར་བརྟེན་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། བཙན་བྱོལ་དུ་བཞུགས་རིང་བོད་ཀྱི་བདེན་པའི་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ལ་བསྟེན་པ་དང་། འཛམ་གླིང་ཡུལ་གྲུར་བྱམས་དང་སྙིང་རྗེའི་ལམ་སྟོན། ཞི་བདེའི་སྣེ་འཁྲིད་མཛད་པ་སོགས་ལ་མིང་དོན་མཚུངས་པའི་བྱམས་བརྩེའི་བདག་ཉིད་དང་། ཞི་བདེའི་དེད་དཔོན་གྱི་མཚན་སྙན་ཡོངས་གྲགས་སུ་ཐོབ་པ་བྱུང་ཡོད་པ་དང་། མགོན་པོ་གང་ཉིད་ཀྱིས་ཐུགས་བསྐྱེད་དམ་བཅའ་བཞི་དངོས་སུ་ཕྱག་བསྟར་མཛད་བཞིན་པ་དེར་འཛམ་གླིང་ཡུལ་གྲུ་གང་ས་ནས་དགའ་མོས་དང་། རྒྱབ་སྐྱོར། ལག་བསྟར་ཞུ་བཞིན་ཡོད་པ་སོགས་ནི་ཆེས་བླ་ན་མེད་པའི་རླབས་ཆེན་གྱི་དགོངས་གཞི་ཞིག་ཏུ་གྱུར་ཡོད་པས་བཀའ་དྲིན་ཆེ་ཞུ་རྒྱུ་སོགས་འཁོད་འདུག
དེ་ཡང་། ཕྱི་ལོ་༢༠༢༥ ཟླ་༩ ཚེས་༡༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩།༣༠ པའི་ཐོག སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་དུ་དབུ་འཛུགས་གནང་སོང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་བཅུ་པ་ནི་ཚེས་༡༠་ནས་༡༧་བར་ལས་ཉིན་གྲངས་བརྒྱད་རིང་འཚོགས་རྒྱུ་ཡིན་འདུག
ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། དེ་རིང་ང་ཚོས་མཁྱེན་གསལ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལོ་གཅིག་ལ་ཐེངས་མ་གཉིས་འཚོགས་ཀྱི་ཡོད་རེད། ཕྱི་ཟླ་གསུམ་པའི་གྲོས་ཚོགས་དེ་སྔོན་རྩིས་དང་། ཕྱི་ཟླ་དགུ་པ་དེ་ལས་བསྡོམས་གྲོས་ཚོགས་ཞེས་དེ་རིང་ང་ཚོས་ལས་བསྡོམས་གྲོས་ཚོགས་འཚོགས་རྒྱུའི་དུས་ཚོད་དེ་འཁེལ་བསྡད་ཡོད་རེད། གཙོ་བོ་ལས་ཉིན་མང་ཆེ་བ་དེ། ལྷན་ཁང་ཁག་གི་ལས་བསྡོམས་རྒྱས་པ་དེ་སྔོན་སྤྱི་འཐུས་རྒྱུན་ལས་ལ་ཚུར་གནང་ནས་སྤྱི་འཐུས་རྒྱུན་ལས་ཀྱིས་དེར་བསྐྱར་ཞིབ་བྱས་ནས་དེའི་རྗེས་འབྲས་ལ་སྙན་ཐོ་དང་དྲི་བ་ཁག་ཅིག་ཕེབས་ཡོང་གི་ཡོད་རེད། དེ་ག་ནང་བཞིན་ལྷན་ཁང་སོ་སོའི་ངོས་ནས་ལས་བསྡོམས་བསྡུས་པ་ཐད་ཀར་གྲོས་ཚོགས་ནང་ལ་སྙན་སྒྲོན་ཞུ་རྒྱུའི་གནས་སྟངས་ཀྱི་ཐོག་ནས་དེ་རིང་གི་གྲོས་ཚོགས་ཕྱི་ཟླ་ ༩ ཚེས་ ༡༠ ནས་ ༡༨ བར་ལས་ཉིན་བརྒྱད་བསྐྱང་རྒྱུའི་རིང་ལས་ཉིན་མང་བ་དེ་ང་ཚོས་ལས་བསྡོམས་ཀྱི་གྲོས་ཚོགས་ཐོག་ལ་གཏོང་དགོས་པའི་གནས་སྟངས་དེ་ལྟར་ཆགས་ཡོད་རེད།
སྤྱི་ཡོངས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ཐོག་ལ། ཉེ་སྔོན་ཕྱི་ཟླ་ ༩ ཚེས་ ༢ ཉིན་གྱི་བཀའ་ཤག་གི་གསུང་བཤད་རེད། དེ་ག་ནང་བཞིན་གྲོས་ཚོགས་ཀྱི་གསུང་བཤད་རེད། དེའི་ནང་ལ་རྒྱལ་སྤྱིའི་གནས་སྟངས་རེད། དེ་བཞིན་བོད་ནང་གི་གནས་སྟངས་རེད། ལྷག་པར་དུ་ལོ་འདིའི་ནང་ལ་ཆབ་སྲིད་ཀྱི་ལས་དོན་དང། འཛིན་སྐྱོང་གི་ལས་དོན་གལ་ཆེ་བ་གང་བསྐྱངས་ཡོད་པ་རྣམས་གསུང་བཤད་ཁག་ནང་གསལ་པོ་གསལ་བསྡད་ཡོད་རེད། མང་བས་དེའི་ཐོག་ནས་མཁྱེན་གྱི་ཡོད་རེད། འོན་ཀྱང་ངས་ཚིག་ཁ་ཤས་ཤིག་བསྐྱར་ལྡབ་བྱས་ནས་ཞུས་ན་བསམ་སོང་། ང་ཚོས་ཕྱི་ཟླ་ ༧ པའི་ནང་ལ་བོད་ཀྱི་ཆོས་ཚོགས་ཐེངས ༡༥ པ་དེ་ཚོགས་ཡོད་རེད། སྐབས་དེ་དུས་དབུ་ཁྲིད་བླ་ཆེན་ཁག་རེད། སྐུ་ཚབ་ཁག་རེད། དེ་བཞིན་ཚོགས་བཅར་བ་ ༡༥༠ ཙམ་མཉམ་ཞུགས་བྱས་པ་རེད། སྐབས་དེ་དུས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསེར་ཞལ་མཇལ་རྒྱུ་བྱུང་བ་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸རྒྱལ་དབང་སྐུ་ཕྲེང་རིམ་པ་རྒྱུན་མཐུད་ནས་ཕེབས་རྒྱུའི་ཞལ་བཞེས་བཀའ་དྲིན་བཟང་པོ་ཞིག་བསྐྱངས་ཡོད་རེད། དེ་བཞིན་ཆོས་བརྒྱུད་རིས་སུ་མ་ཆད་པའི་དབུ་ཁྲིད་བླ་ཆེན་ཁག་དང་། སྐུ་ཚབ། ཚོགས་བཅར་བ་ཚང་མ་སྤྱི་མོས་ཀྱི་ཐོག་ནས་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་དང་། དེ་ནས་ཆོས་ཚོགས་ཀྱི་ལས་ཉིན་མཐའ་མ་ལའང་དམིགས་བསལ་གྲོས་ཆོད་ཟུར་རྒྱན་དོན་ཚན་བཞི་ཅན་ཞིག་དེ་ལྟར་བཞག་ནས་མདོར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གང་ཡིན་པ་དེའི་ཐོག་ནས་ང་ཚོས་ཤར་བསྐྱོད་ཞུ་རྒྱུ་གཅིག་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་༸རྒྱལ་དབང་གི་སྐུ་ཕྲེང་མར་རྒྱུན་མཐུད་ཕེབས་པར་ཐེ་བྱུས་བྱས་པ་ཡིན་ན། དེ་རྩ་བ་ཉིད་ནས་མོས་མཐུན་མེད་པ་གཅིག་དང་། དེ་ག་ནང་བཞིན་གྱིས་ངོས་ལེན་མེད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ནས་ཡིན་ནའང་། ཕྱི་ཟླ་ ༧ ཚེས ༦ ལ་ཡུ་རོབ་རྒྱལ་ཁབ་ཁག་བདུན་གྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ཐོག་ནས་༸རྒྱལ་དབང་སྐུ་ཕྲེང་ཕེབས་རྒྱུ་དེ་བོད་མི་གཅིག་པུའི་ལག་ཏུ་ཡོད་པ། གཞན་གྱིས་ཐེ་བྱུས་བྱས་ན་འགྲིག་གི་མེད་པ། དེ་ག་ནང་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཇི་ནི་ཝའི་ཚོགས་ཆེན་ཐེངས་ ༥༩ པ་ཚོགས་སྐབས་ཟུར་དུ་ཨིན་ཇིའི་གཞུང་ཚབ་ཀྱིས་མི་བསྡུ་སྐོང་བྱས་ནས་ཁག་ཅིག་ལྷན་འཛོམས་གནང་བའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྲེང་རྒྱུན་མཐུད་ཕེབས་རྒྱུ་དེ་བོད་མི་རང་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་གཅིག་རང་ལས། དེ་ལ་ཆབ་སྲིད་ཀྱི་ཐོག་ནས་ཐེ་བྱུས་བྱས་པ་ཡིན་ན། ཐད་ཀར་ཆོས་དད་རང་དབང་ལ་ཐེ་བྱུས་བྱས་པ་ཆགས་ཀྱི་ཡོད་རེད་ཟེར་ནས། གང་ལྟར་༸སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྲེང་རྒྱུན་མཐུད་ནས་ཕེབས་རྒྱུ་དེ་ང་རང་ཚོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་གཅིག་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ནས་དེ་ལ་ངོས་འཛིན་བྱས་ནས། དེའི་ཐོག་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་པ་ཡིན་ན་ངོས་ལེན་མེད་པ་གཅིག་དང་། ལྷག་པར་དུ་ཆོས་དད་རང་དབང་གི་གནས་སྟངས་ཀྱི་ཐོག་ནས་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་གྱི་ཡོད་པ་ཡོངས་གྲགས་རིམ་པས་གསལ་པོ་ཆགས་ཡོང་བའི་གནས་སྟངས་ཆགས་བསྡད་ཡོད་རེད།
དེ་དང་འབྲེལ་ནས་ད་ལོ་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱིས་༸སྐྱབས་མགོན་རིན་པོ་ཆེ་དགུང་ལོ་ ༩༠ ལ་ཕེབས་པའི་གོ་སྟོན་སྲུང་བརྩི་ཞུས་པ་དང་། དེ་ག་ནང་བཞིན་བརྟན་བཞུགས་བསྟར་འབུལ་ཞུས་པ། དེ་ལྟར་ལས་རིམ་མང་པོ་ཞིག་བསྐྱངས་ཡོད་རེད། རྒྱལ་སྤྱིའི་ནང་ལ་ཡང་འབྲེལ་བ་ཡོད་པའི་ལས་རིམ་མང་པོ་ཞིག་བྱུང་ཡོད་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ད་ལྟ་ལས་རིམ་འགྲོ་དང་འགྲོ་བཞིན་པ་ཆགས་ཀྱི་ཡོད་རེད། དེ་དང་འབྲེལ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་སྔོན་མ་ང་ཚོས་ལྡི་ལིར་ཐབས་བྱུས་ཚོགས་འདུ་ཞིག་ཚོགས་ཡོད་རེད། སྐབས་དེ་དུས་ང་ཚོས་ཐག་གཅོད་བྱུང་བ་རེད། དེ་ཡི་མཇུག་སྐྱོང་དེ་སྤྱི་འཐུས་རྒྱུན་ལས་ནས་གནང་དགོས་པ་ཡིན་དུས། ང་ཚོའི་གྲོས་ཚོགས་འདིའི་ནང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་ཅིག་ཁུར་ཡོང་གི་ཡོད་རེད། གྲོས་ཆོད་དེ་སང་ཉིན་ཕེབས་ཡོང་གི་ཡོད་རེད། དེའི་ནང་ལ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཕྲེང་རྒྱུན་མཐུད་ནས་ཕེབས་རྒྱུ་དེ་དམིགས་བསལ་གྱིས་བཀའ་དྲིན་ཆེན་པོ་ཡིན་པ་དང་། རྒྱ་ནག་གཙོས་པས་དེ་ལ་ཆབ་སྲིད་ཀྱི་ཐེ་བྱུས་བྱས་པ་བྱུང་བ་ཡིན་ན་ངོས་ལེན་ནམ་ཡང་མེད་པའི་གྲོས་ཆོད་ཁག་ཅིག་ཕེབས་ཀྱི་ཡོད་ཅེས་དེ་གཅིག་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་ཉེ་ཆར་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ ༦༠ འཁོར་བ་རེད་ཅེས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོ་སྒྲུབ་པའི་ལས་འགུལ་ཞིག་བརྩམས་ཡོད་རེད། དེ་ཡང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གནད་ཡོད་མི་སྣ་དེ་འདྲ་བོད་རང་སྐྱོང་ལྗོངས་ཟེར་བར་ཕེབས་ནས་མཛད་སྒོ་དབུ་འཛུགས་གནང་བ། དེ་ག་ནང་བཞིན་ཕྱི་ཟླ་ ༨ ཚེས་ ༢༠ ཡི་དགོང་མོ་དེ་ལ་ད་ལྟའི་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིང་ནས་སྐབས་དེ་དུས་གཏམ་བཤད་གནང་བ་དེ་ཚོའི་ཐོག་ལ་བལྟས་ཡོང་དུས། རྩ་བའི་ལྷ་སར་ཕེབས་ཡོང་དུས་ནས་བོད་མི་དེ་ཚོ་དམིགས་བསལ་གྱིས་བཀོད་མངགས་བྱས་ནས། དམ་དྲག་གི་ཐོག་ནས་དགའ་བསུའི་རྣམ་པ་ཤུགས་ཆེན་པོ་ཞུ་བཅུག་པ། དེ་ཡང་རྒྱ་ནག་ཁོ་རང་ཚོའི་དགོས་མཁོ་རང་གི་ཐོག་ནས་ཆེད་མངགས་འཁྲབ་སྟོན་གྱི་རྣམ་པ་འདྲ་པོ་དེ་འདྲ་ཞུ་འཇུག་གི་ཡོད་པ་ང་རང་ཚོ་ཚང་མས་མཐོང་བསྡད་པ་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ནས་ཡང་དེ་ལ་ཞེ་པོ་དོ་སྣང་དེ་འདྲ་བྱས་ཡོད་མ་རེད། ཁོ་རང་ཚོའི་དེ་འདྲའི་འཁྲབ་སྟོན་གྱི་རྣམ་པ་ཞིག་མངོན་བསྡད་པ་དེ་ང་ཚོས་མཐོང་བསྡད་པ་ཞིག་འདུག་སེ་ཆགས་བསྡད་ཀྱི་ཡོད་རེད། དེ་ནས་མཛད་སྒོ་རེད། དེའི་རྗེས་འབྲེལ་གྱི་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག དཔེར་ན་མངའ་རིས། གཞིས་ཀ་རྩེ། ལྷོ་ཁ། ནག་ཆུ། ཀོང་པོའི་ཉིང་ཁྲི། དེ་ནས་ཆབ་མདོ་ཟེར་ནས་ཁོ་རང་ཚོ་ཚོགས་ཆུང་ཆ་བགོས་བྱས་ནས་རིགས་གཅིག་ས་གནས་ལ་ཕེབས་ནས་ཆབ་སྲིད་དྲིལ་བསྒྲགས་གནང་བ། དེ་ག་ནང་བཞིན་གྱི་དམར་ཤོག་ཚོགས་པའི་ལོ་རྒྱུས་སྒྲོགས་སྦྱང་གནང་རྒྱུ། རྒྱ་ནག་གི་སྐད་ཡིག་དེ་བཀོལ་སྤྱོད་ཤུགས་ཆེ་རུ་གཏོང་དགོས་པ་དང་། མི་རིགས་མཉམ་བསྲེས་ཀྱི་རྣམ་པ་དེ་ཤུགས་ཆེ་རུ་གཏོང་དགོས་པ་དེ་འདྲའི་གང་ལྟར་ལམ་སྟོན་དང་བརྒྱུད་སྐུལ་བྱེད་བསྡད་པ་དེ་ཚོའི་ཐོག་ནས་བལྟས་པ་ཡིན་ན། དུས་རྒྱུན་དུ་ནས་ང་ཚོས་ཞུ་སྡོད་པ་ནང་བཞིན་ཆགས་ཀྱི་ཡོད་རེད། བོད་ཀྱི་མི་རིགས་རྩ་མེད་གཏོང་རྒྱུ་དང་། དེ་ག་ནང་བཞིན་བོད་ཀྱི་རིག་གཞུང་རྩ་མེད་གཏོང་རྒྱུ། དེ་བཞིན་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་མི་ཆོག་པ། དམ་དྲག་དེ་ཤུགས་ཆེ་རུ་གཏོང་བསྡད་པའི་གནས་སྟངས་ཤིག་དེ་ལྟར་ཆགས་བསྡད་ཡོད་རེད། རྒྱ་ནག་གཞུང་གིས་འཁྲབ་སྟོན་གཙོ་བོ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་བྱེད་དགོས་པ་དེ། བོད་དེ་རྒྱ་ནག་གི་ནང་སྲིད་ཀྱི་གནས་སྟངས་ཆགས་བསྡད་ཡོད་པ་དང་། རྒྱལ་ཁབ་གཞན་གྱིས་དེ་ལ་ཐེ་བྱུས་བྱས་ན་འགྲིགས་ཀྱི་ཡོད་མ་རེད་ཟེར་ཏེ། དུས་རྒྱུན་དུ་ནས་སྒྲོགས་སྦྱང་བྱེད་བསྡད་པའི་གནས་སྟངས་ཆགས་བསྡད་ཡོད་རེད། དེ་འདྲའི་ཐོག་ནས་ང་ཚོའི་ངོས་ནས་བོད་དེ་རྒྱ་ནག་ནང་གི་གནད་དོན་མ་ཡིན་པར་རྒྱལ་སྤྱིའི་གནད་དོན་ཡིན་པ། རྒྱལ་སྤྱིའི་ཐོག་ནས་དེ་ལ་རྒྱབ་སྐྱོར་དང་དོ་སྣང་བྱེད་ཀྱི་ཡོད་པ་དེ་ཤུགས་ཆེ་རུ་སྟོན་ཐུབ་དགོས་རྒྱུ་དེ་ང་ཚོར་གལ་ཆེ་བ་ཞིག་ཆགས་བསྡད་ཀྱི་འདུག ད་གིན་གོང་དུ་ངས་ཞུས་མ་ཐག་པ་དེ་རེད། ༸སྐྱབས་མགོན་རིན་པོ་ཆེའི་ཡང་སྲིད་ཕེབས་རྒྱུའི་ཐོག་ལ་རྒྱ་ནག་གཞུང་གིས་རྒྱལ་ནང་ནང་ལ་འཁྲུངས་དགོས་པ། དེ་ག་ནང་བཞིན་ཀྲུང་དབྱང་ལ་ཆོག་མཆན་ཞུ་དགོས་པ། བྱེད་སྟངས་དེ་ཡང་གསེར་བུམ་དཀྲུག་འདོན་གྱི་ཐོག་ནས་ཡོང་དགོས་པ་དེ་འདྲ་བཤད་བསྡད་ཡོད་རེད། དེ་ང་ཚོ་དེང་སང་གི་གནས་བབ་ཀྱི་ཐོག་ནས་རྩ་བའི་རྒྱ་ནག་ཁོ་རང་ཚོ་ཆོས་ཁས་མི་ལེན་པའི་སྲིད་གཞུང་ཞིག་ཆགས་བསྡད་ཡོད་རེད། ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལ་ཉམས་ཆག་ཚད་མེད་བཏང་མཁན་ཧ་ལས་པའི་ནག་ཉེས་ཅན་ཟེར་ནའང་འགྲིགས་ཀྱི་ཡོད་རེད། དེ་འདྲའི་གནས་སྟངས་ཤིག་གི་ཐོག་ནས་བོད་ཀྱི་ནང་བསྟན་འཛིན་སྐྱོང་བྱེད་མཁན་གཅིག་གི་ཡང་སྲིད་རྩད་གཅོད་བྱེད་ཀྱི་ཡིན་ཟེར་ནས་ཐེ་བྱུས་བྱེད་ཀྱི་ཡིན་ཞེས་ལག་པ་བརྐྱངས་ཀྱི་ཡོད་རེད། དེ་ཡིན་དུས་རྒྱལ་སྤྱིའི་ནང་ལོགས་ལ་ཡང་དེ་ལ་ལག་པ་བརྐྱངས་ན་འགྲིགས་ཀྱི་མ་རེད་ཟེར་ནས་དགག་པ་རྒྱག་མཁན་ཕེབས་ཡོང་གི་ཡོད་རེད་པཱ། དེ་ཡིན་དུས་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་དེ་གསལ་པོ་ཆགས་སོང་བ། དེ་ག་ནང་བཞིན་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་ཡིན་ནའང་། ང་ཚོ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཉེ་ཆར་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་དེ་ཉི་འོང་རྒྱལ་ས་ཊོཀ་ཡོར་ཚོགས་རེད། སྐབས་དེ་དུས་རྒྱལ་ཁབ་ ༢༩ ནས་གྲོས་ཚོགས་འཐུས་མི་དངོས་སུ་མཉམ་ཞུགས་གནང་བ་དང་། དྲྭ་རྒྱའི་བརྒྱུད་ནས་གསུང་བཤད་གནང་བ་དེ་འདྲ་བྱུང་བ་རེད། ཚོགས་བཅར་བ་ ༡༥༠ ཡས་མས་དངོས་སུ་བཅར་ནས། སྐབས་དེ་དུས་ཉི་འོང་གྲོས་ཚོགས་ཀྱི་ཚོགས་ཁང་རྭ་བའི་ནང་ལོགས་ལ་ཧ་ཅང་གྲ་རྒྱས་ཕུན་སུམ་ཚོགས་པ་དེ་འདྲ་ཚོགས་ཐུབ་པའི་ཐོག་ང་ཚོས་ཚོགས་འདུའི་ཐོག་ནས་བསྒྲགས་གཏམ་སྤེལ་རྒྱུ་རེད། ཚོགས་འདུའི་ཐོག་ནས་ལས་འཆར་སྤེལ་རྒྱུ་རེད། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་དགུ་བཅུར་ཕེབས་པ་ཡིན་དུས། ཁོང་གིས་དེ་སྔོན་རྒྱལ་སྤྱིའི་ནང་དུ་རེད། ལྷག་པར་དུ་བོད་ལ་མཛད་འཕྲིན་བསྐྱངས་པ་དེ་ཚོར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། མུ་མཐུད་ནས་༸རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་དེ་རྒྱལ་སྤྱིའི་ནང་དུ་གནས་དགོས་པའི་དམིགས་བསལ་གྱིས་གྲོས་ཆོད་བཞག་པ་དེ་འདྲ་བྱུང་བ་རེད། དེ་ཡིན་དུས་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དེ་རྒྱ་ནག་གཅིག་པུའི་ནང་སྲིད་ཀྱི་ཐེ་བྱུས་ཀྱི་གནས་སྟངས་ཆགས་མ་སོང་བཱ། རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་ཚང་མ་འབྲེལ་བ་ཡོད་པ་ཞིག་རང་བཞིན་གྱིས་ཆགས་ཡོང་གི་འདུག དེ་ག་ནང་བཞིན་གྱི་དེའི་སྔོན་དུ་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་ནས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དེ་སྦེལ་ཇམ་ལ་ཚོགས་པ་རེད། སྐབས་དེ་དུས་ལུང་པ་མང་པོ་ཞིག་ནས་མཉམ་ཞུགས་བྱས་ཡོད་རེད། ཚོགས་བཅར་བ་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་རེད། དེ་ཚོའི་ཐོག་ནས་གང་ལྟར་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་ཡིན་ནའང་འདྲ། སྐད་ཡིག་ཡིན་ནའང་འདྲ། རིག་གཞུང་ཡིན་ནའང་འདྲ། རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་བ་ཡོད་བསྡད་པ་ཞིག་རང་བཞིན་གྱིས་གསལ་པོ་ཆགས་འགྲོ་ཡི་འདུག་གཱ དེ་ཡིན་དུས་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་ང་རང་ཚོས་འབྲེལ་བ་གཞག་རྒྱུ་དང་། བོད་དོན་གྱི་ཐོག་ལ་ཐུགས་སྣང་ཤུགས་ཆེ་རུ་ཡོང་ཐུབ་རྒྱུར་ང་ཚོས་དུས་རྒྱུན་དུ་ནས་འཛིན་སྐྱོང་བཀའ་ཤག་གིས་གནང་གི་ཡོད་རེད། གྲོས་ཚོགས་ཀྱིས་གནང་གི་ཡོད་རེད། མུ་མཐུད་ནས་དེ་ཚོ་ལ་ང་ཚོས་ཤུགས་སྣོན་རྒྱག་ཐུབ་དགོས་པའི་གནས་སྟངས་གལ་ཆེན་པོ་ཞིག་ཆགས་བསྡད་ཀྱི་འདུག
དེ་ག་ནང་བཞིན་ ༢༠༠༨ ནས་ད་ལྟ་བར་དུ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་ང་ཚོས་བགྲོ་གླེང་གནང་གི་ཡོད་རེད། ཐུགས་སྣང་གནང་གི་ཡོད་རེད། ད་ལྟ་ཡིན་ནའང་བོད་ནང་དུ་ཛ་དྲག་གནས་སྟངས་མུ་མཐུད་ནས་གནས་བསྡད་པའི་གནས་སྟངས་ཆགས་བསྡད་ཀྱི་འདུག དེ་ག་ནང་བཞིན་བོད་ཀྱི་སྣོད་བཅུད་ལས། སྣོད་ཀྱི་ཐོག་ནས་བསམ་པ་ཡིན་ནའང་ཆུ་རགས་བརྒྱབ་རྒྱུ། ཤིང་ནགས་གཅོད་འབྲེག་བྱ་རྒྱུ། གཏེར་ཁ་སྔོག་འདོན་བྱ་རྒྱུ། དམག་གི་མཚོན་ཆ་དེ་འདྲ་འཛུགས་སྐྲུན་བྱ་རྒྱུ་དང་གསོག་འཇོག་བྱ་རྒྱུ། དེ་འདྲའི་ཐོག་ནས་བོད་ཀྱི་ཁོར་ཡུག་ལ་ཉམ་ཆགས་ཤུགས་ཆེན་པོ་ཉིན་རེ་ཉིན་རེ་ཡོང་བསྡད་པའི་གནས་སྟངས་ཆགས་བསྡད་ཀྱི་འདུག དེ་ག་ནང་བཞིན་བོད་ནང་གི་བོད་མི་རེད། དེའི་ནང་ནས་ཆོས་བྱེད་མཁན་དགེ་འདུན་པ་དེ་ཚོ། གྲྭ་བཙུན་ཁག་དེ་ཚོ་ལ་ཚོད་འཛིན་གནང་རྒྱུ། དགོན་པ་ནས་ཕྱིར་འབུད་གཏང་རྒྱུ། དེ་ག་ནང་བཞིན་བླ་མ་སྤྲུལ་སྐུ་ཏོག་ཙམ་མཚན་གནས་ཡོད་མཁན། སྤྱི་ཚོགས་ལ་ཏོག་ཙམ་ཐུགས་སྣང་གནང་མཁན། སྤྱི་ཚོགས་ཀྱི་ཐོག་ལ་ཏོག་ཙམ་ཆེ་མཐོང་ཡོད་མཁན་དེ་ཚོར། རིམ་པས་ནག་ཉེས་བཙུགས་ནས་བཙོན་བཅུག་གནང་རྒྱུ། བཙོན་བཅུག་གནང་བ་ཙམ་མ་རེད། ནང་མི་དང་དགོན་སྡེ་འབྲེལ་བ་ཡོད་པ་དེ་ཚོ་ཐུག་འཕྲད་བྱེད་མ་བཅུག་ནས་མཐའ་མར་བཙོན་ཁང་དུ་བཀྲོངས་བ། ཉེ་ཆར་གོ་འཇོ་ནང་ལོགས་ཀྱི་དགོན་པ་གཅིག་གི་ཆོས་རྒྱལ་སྤུལ་སྐུ་ཟེར་བ་དེ། ཉེ་ཆར་རང་སྐུ་བཀྲོངས་པའི་གནས་ཚུལ་དེ་བྱུང་སོང་བ། དེ་འདྲ་མང་པོ་ཞིག་ཡོང་བསྡད་ཀྱི་ཡོད་རེད། ང་ཚོས་དངོས་སུ་ཕ་གིར་གནས་ཚུལ་ངོ་མ་དེ་ང་ཚོས་བརྒྱུད་ལམ་གྱི་ཐོག་ནས་རྟོགས་ཐུབ་ཀྱི་ཡོད་མ་རེད་མ་གཏོགས། དེ་འདྲ་མང་པོ་ཞིག་ཡོད་བསྡད་པ་དེ་གསལ་པོ་ཞེ་པོ་ཞིག་ཆགས་བསྡད་ཀྱི་འདུག་གཱ།
དེ་ག་ནང་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རེད། ང་ཚོས་རྡ་རམ་ས་ལར་གོ་སྟོན་སྲུང་བརྩི་ཞུས་བའི་དུས་ཚོད་ལ་བོད་ནང་ལོགས་ལ་ཆེད་མངགས་དཔེར་ན། འབྲས་སྤུངས་དང་དགའ་ལྡན་དགོན་པ་དེ་ཚོ་ཕྱི་ཟླ་ ༧ པའི་ཚེས་ ༡ ནས་ ༦ བར་དུ་སློབ་གསོ་སྤྲད་ནས་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་རེད། དེ་ནས་རྒྱལ་གཅེས་ཆོས་གཅེས་དགོས་པ། དེ་འདྲ་སློབ་གསོ་སྤྲད་ནས་དམིགས་བསལ་གྱིས་འཇིགས་སྐུལ་དེ་འདྲ་གནང་འདུག་གཱ དེ་འདྲ་ཡིན་དུས་དེ་འདྲའི་ཐོག་ནས་བོད་ནང་གི་ཆོས་དད་རང་དབང་རེད། སྐད་ཡིག་རང་དབང་རེད། དེ་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རེད། དེ་ཚོ་ཉིན་རེ་བཞིན་དུ་ཛ་དྲག་ཆེ་རུ་འགྲོ་བསྡད་པའི་གནས་སྟངས་ཆགས་བསྡད་ཀྱི་འདུག དེ་ཚོའི་ཐོག་ལ་ང་ཚོ་གྲོས་ཚོགས་ཀྱི་ཐོག་ནས་བོད་ནང་གི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གཅིག་ཕེབས་ཡོང་གི་ཡོད་རེད། དེ་ཡིན་དུས་དེའི་ནང་ལོགས་ལ་ང་ཚོས་གང་ལ་གང་འཚམ་གསལ་པོ་བཀོད་ཡོད་རེད། སྤྱི་འཐུས་རྣམ་པ་རེད། འཛིན་སྐྱོང་བཀའ་ཤག་གི་ཐོག་ནས་ཐུགས་སྣང་གནང་ནས་དེ་ཚོའི་གྲས་ང་ཚོས་རྒྱལ་སྤྱིའི་ནང་ལོགས་ལ་གནད་དོན་དེ་ཚོ་ཁ་གསལ་དུ་གཏོང་དགོས་རྒྱུ། ཞུ་སྐུལ་ཤུགས་ཆེ་ཙམ་བྱེད་དགོས་པའི་ཐོག་ལ་ང་ཚོར་གལ་ཆེན་པོ་ཞིག་ཆགས་བསྡད་ཀྱི་འདུག ཆབ་སྲིད་ཀྱི་ཐོག་ནས་ངས་དེ་འདྲ་ཞིག་ཞུས་ན་བསམས་སོང་། ཞེས་སོགས་གསུངས་སོང་།