བོད་རྒྱལ་ཁབ་ཀྱི་བདག་དབང་འཐབ་རྩོད་དང་རྒྱལ་ཁབ་ཀྱི་ཆེ་རིང་བའི་རང་དབང་རང་བཙན་གྱི་རྒྱལ་རབས་ལོ་རྒྱུས་དང་དེ་དག་གི་ཁྲོད་མེས་པོ་རྣམས་ཀྱིས་བཞག་གནང་བའི་བོད་རྒྱལ་ཁབ་ཀྱི་མཚོན་རྟགས་དང་མི་རིགས་ངོ་བོ། ཁོང་རྣམ་པས་རྒྱུན་སྐྱོང་གནང་བའི་ཆབ་སྲིད་ལམ་ལུགས་དང་ད་བར་འཛིན་སྐྱོང་གནང་བའི་ཆོས་རིག་དང་སྐད་ཡིག་སོགས་བོད་མི་མི་རེ་ངོ་རེས་རང་འཚམས་ཀྱི་ནུས་པར་དཔག་པའི་སྒོ་ནས་འགན་ལེན་སྲུང་སྐྱོབ་ཐུབ་པ་རེད།
དེ་ཡང་དབུ་མའི་ལམ་ནི་བོད་དང་རྒྱ་ནག་ཡུལ་གཉིས་དབར་ལྷག་པའི་དཀའ་རྙོག་སེལ་ཐབས་སམ་རྒྱ་ཁབ་དེ་གཉིས་དབར་འདུམ་འགྲིག་ཡོང་ཐབས་སུ་ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེ་མཆོག་གིས་འདོན་གནང་བའི་ཆབ་སྲིད་ཀྱི་ཐབས་ལམ་ཞིག་རེད། བཙན་བྱོལ་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཙན་བྱོལ་བོད་མི་མང་ནས་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་དབུ་མའི་ལམ་གྱི་ཐོག་ལ་གོ་བསྡུར་རིམ་པར་བྱས་ཏེ་གཏན་ལ་ཕབ་པའི་ཆབ་སྲིད་ཀྱི་སྲིད་ཇུས་ཤིག་ཡིན། དེ་ལ་དོགས་པ་དང་རྣམ་རྟོག་གིས་རྩོད་སྒྲུབ་དུ་མ་ཞིག་ཞུ་དགོས་པ་འདིར་མ་མཐོང༌།
དེ་བཞིན་བོད་རྒྱའི་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཐུབ་པ་དང༌མི་རིགས་གཉིས་འདྲ་མཉམ་དང་གཅིག་ཕན་གཅིག་གྲོགས་ཀྱིས་བརྟན་ལྷིང་མཉམ་གནས་ཡོང་ཆེད་དུ་གཞུང་མང་གཉིས་ནས་ྋགོང་ས་མཆོག་གིས་དབུ་མའི་ལམ་ལ་ད་བར་མང་མོས་ཀྱིས་རྒྱབ་སྐྱོར་དང་གུས་བཀུར་རེ་བཅོལ་ཞུས་དང་ཞུ་བཞིན་ཡོད་པའང་ཐེ་ཙོམ་མེད་པ་ཞིག་རེད།
འོན་ཀྱང་དབུ་མའི་ལམ་ལ་བརྟེན་ནས་རྒྱ་ནག་གི་རྩ་ཁྲིམས་སུ་གསལ་བ་བཞིན་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་སྤྲོད་དགོས་པའི་དགོས་འདུན་དང་འཐབ་རྩོད་འབད་སྤུངས་བྱེད་ན་བོད་ཁབ་ཀྱི་རྒྱལ་རབས་དང་ལོ་རྒྱུས་གཏན་བརྗེད་དང་དེ་དག་གི་ཐོག་འདྲི་རྩོད་དང་གླེང་མོལ་མི་དགོས་པར་གོ་བ་ལེན་དགོས་པ་ཞིག་མིན་པར་བོད་མི་གཞུང་སྒེར་སོ་སོས་རང་ནུས་གང་ཡོད་ཀྱིས་མི་རབས་རྒན་པའི་འོས་འགན་དེ་དག་མི་རབས་གཞོན་པ་རྣམས་ལ་རྩིས་སྤྲོད་ཐུབ་པ་ཞིག་དགོས། ཡང་སྒོས་རྒྱ་ནག་གིས་དབུ་མའི་ལམ་ལ་ཡ་ལན་བཟང་པོ་ཞིག་མ་སྤྲད་པ་དེ་ཡང་ྋགོང་ས་མཆོག་གིས་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཤིག་ཏུ་ངོས་ལེན་གནང་དགོས་པར་དགོས་འདུན་བཏོན་པ་དང་ྋགོང་ས་མཆོག་ནས་ཀྱང་དེ་འདྲ་གནང་ན་དངོས་ཡོད་ཀྱི་གནས་ཚུལ་དང་འགལ་ཟླར་གྱུར་ལུགས་ཀྱི་གསལ་བཤད་ཐེངས་མང་གནང་ཡོད་ཀྱང་ད་བར་རྒྱ་ནག་གིས་འཁྲེགས་འཛིན་གྱི་སྲིད་བྱུས་དེ་དག་དོར་མེད། དེར་བརྟེན་རང་རིགས་བོད་མི་རྣམས་ནས་བོད་ཀྱི་རྒྱལ་རབས་དང་ལོ་རྒྱས་སོགས་ལ་དོ་སྣང་ཆེ་ཙམ་དང་མི་རབས་གཞོན་པ་རྣམས་ལ་རིམ་པས་ངོ་སྤྲོད་གང་ཐུབ་གནང་དགོས་པ་ནི་འགག་རྩ་ཞིག་ཏུ་ཁེལ་ཡོད་ཅེས་ཞུ་ན་ནོར་མེད།
ཆེད་བརྗོད་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་རྒྱལ་ཁབ་ཀྱི་རྒྱལ་རྟགས་སམ་མཚོན་རྟགས་རྣམས་སྲུང་སྐྱོབ་ངང་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་རྒྱུ་དེ་ཡིན། དེས་ན་མཚོན་རྟགས་དེ་དག་གང་དང་གང་ཡིན་ཞེ་ན། བོད་ཀྱི་རྒྱལ་ཁབ་ཀྱི་རྒྱལ་ཐམ་དང་རྒྱལ་དར། རྒྱལ་གླུ། བོད་རྒྱལ་ཁབ་ཀྱི་ཤོག་དངུལ་དང་གསེར་ཟངས་སོགས་ལས་གྲུབ་པའི་ཊམ་ཀ་ཁག དེ་བཞིན་བོད་གཞུང་གིས་དཔར་བསྐྲུན་གནང་བའི་ཕྱིར་བསྐྱོད་ལག་འཁྱེར། གཞུང་འབྲེལ་གྱི་ཆིངས་ཡིག་ཁག ད་དུང་གཞུང་འབྲེལ་གྱི་ཐོག་ནས་ཕྱིའི་རྒྱལ་ཁབ་གཞན་རྣམས་སུ་སྤྲིངས་པའི་ཡིག་ཆའི་རིགས་དང་སྦྲགས་ཐམ་སོགས་འཚུད་ཡོད།
དཔེར་ན་ཨ་མ་དང་མནའ་མ་མ་ནོར་ཟེར་བ་བཞིན། ད་ལྟ་ནི་བརྡ་འཕྲིན་ནམ་ཆ་འཕྲིན་གྱི་དུས་རབས་ཤིག་ཡིན་སྟོབས་བོད་མི་སྤྱི་སྒེར་ཡོངས་ནས་བོད་རྒྱལ་ཁབ་ཀྱི་རྒྱལ་རབས་དང་ལོ་རྒྱུས། དེ་བཞིན་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་ཐམ་སོགས་བོད་རྒྱལ་ཁབ་ཀྱི་ངོ་རྟགས་དང་རྒྱལ་རྟགས་དེ་རྣམས་དྲིལ་བསྒྲུགས་དང་སྲུང་སྐྱོབ་དགོས་རྒྱུ་ནི་བོད་མི་ཡོངས་ཀྱི་འོས་འགན་ཡིན་ཞེས་འགྲེལ་ན་ཡུལ་དུས་རང་བཞིན་བཅས་ལ་འཚམ་ཡོད། དེར་བརྟེན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་དེ་དག་གི་ཐོག་ལ་ཐུགས་ཁུར་ཆེ་ཙམ་བཞེས་དགོས། མ་ཟད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག དེ་བཞིན་བོད་མི་རེ་ངོ་རེས་སོ་སོའི་དྲ་ཚིགས་དང་སྤྱི་ཚོགས་དྲ་ཚིགས་སོགས་སུ་བོད་རྒྱལ་ཁབ་ཀྱི་མཚོན་རྟགས་སམ་རྒྱལ་རྟགས་དེ་དག་སྲུང་སྐྱོབ་དང་དོ་ཁུར་ཆེན་པོས་དྲིལ་བསྒྲགས་དགོས་རྒྱུ་ནི་ཕྲག་ཏུ་བབ་པའི་ཚང་མའི་འོས་འགན་བླ་ན་མེད་པ་ཞིག་ཡིན།།