ཕྱི་ལོ་༢༠༢༤ ཟླ་༡༠ ཚེས་༡༠ ཉིན། ནོ་བྷེལ་ཚོགས་ཆུང་ནས་ལྷོ་ཀོ་རི་ཡའི་བུད་མེད་རྩོམ་པ་པོ་དང་སྙན་ངག་པ་ཧན་ཀང་ལགས་ཕྱི་ལོ་༢༠༢༤་ལོའི་ནོ་བྷེལ་རྩོམ་རིགས་གཟེངས་རྟགས་གནང་རྒྱུའི་གསལ་བསྒྲགས་སྤེལ་འདུག རྩོམ་པ་པོ་ཧན་ཀང་གི་བརྩམས་ཆོས་ནི་ཁ་ཐུག་སྤྱི་ཚོགས་དང་ཆབ་སྲིད་ལོ་རྒྱུས་བཅས་ལ་འབྲེལ་བ་ཆགས་ཀྱི་ཡོད་ཅིང་། ཁོང་མོའི་བརྩམས་ཆོས་ནང་ལོ་རྒྱུས་ཀྱི་རྙོག་འཛིང་དང་ཁྲིམས་ལུགས་ལ་གདོང་ལེན་བྱེད་ཡོད་འདུག ཁོང་མོ་ནི་དེང་རབས་ཀྱི་རྩོམ་ཡིག་གསར་གཏོད་བྱེད་མཁན་ཞིག་ཏུ་གྱུར་ཡོད། ཅེས་འགྲེལ་བརྗོད་གནང་འདུག
དེ་ཡང་། ལྷོ་ཀོ་རི་ཡའི་བུད་མེད་རྩོམ་པ་པོའི་བརྩམས་ཆོས་ནི་ཆབ་སྲིད་རྐྱེན་པའི་སྤྱི་ཚོགས་ནང་དུ་རྙོག་འཛིང་བྱུང་བ་དང་། དྲག་ཤུགས་སྤྱོད་པ། མིའི་ཉམས་མྱོང་བཅས་ཀྱི་བརྗོད་གཞི་ལ་ཞིབ་འཇུག་བྱེད་པའི་རྩོམ་ཡིག་དེ་དག་གིས་ཀློག་པ་པོ་ཚོར་སྡུག་བསྔལ་དང་འཚོ་གནས་ཀྱི་སྐོར་ལ་ཤེས་རྟོགས་ཟབ་མོ་སྤྲད་ཡོད་སྟབས་ཕྱི་ལོ་༢༠༢༤་ལོའི་ནོ་བྷེལ་རྩོམ་རིགས་གཟེངས་རྟགས་གནང་ཡིན་སྐོར་ནོ་བྷེལ་ཚོགས་ཆུང་ནས་འགྲེལ་བརྗོད་གནང་འདུག
རྩོམ་པ་པོ་ཧན་ཀང་ལགས་ཀྱིས་ཕྱི་ལོ་༡༩༩༣ ལོར་སྙན་ངག་ཁག་ཅིག་ <<རྩོམ་རིག་དང་སྤྱི་ཚོགས།>>་ཞེས་པའི་དུས་དེབ་ཐོག་པར་སྐྲུན་བྱས་པ་ནས་རྩོམ་རིག་གི་ལས་རིགས་མགོ་བརྩམས་ཡོད་འདུག དེ་ནས་ཕྱི་ལོ་༡༩༩༥་ལོར་<<ཡོ་སུའི་བརྩེ་བ། (Love of Yeosu)>>། ཕྱི་ལོ་༢༠༠༧་ལོར་<<ཤ་མ་ཟ་མཁན། (The Vegetarian)>>། ཕྱི་ལོ་༢༠༡༠་ལོར་<<རླུང་གིས་ལྡང་བ་་འགྲོ (The Wind Blows, Go)>>། ཕྱི་ལོ་༢༠༡༣་ལོར་<<དྲག་སྐྱེད་བྱུང་བ། (Convalescence) >>ཕྱི་ལོ་༢༠༡༦་ལོར་<<མིའི་བྱ་སྤྱོད། (Human Acts)>> ཕྱི་ལོ་༢༠༡༧་ལོར་<<དེབ་ཐེར་དཀར་པོ།་(The White Book)>>། ཕྱི་ལོ་༢༠༢༣་ལོར་<<ང་ཚོ་ཁ་བྲལ་མེད། (We Do Not Part)>> སོགས་བརྩམས་ཆོས་རྣམས་པར་བསྐྲུན་གནང་ཡོད་འདུག ཁོང་མོའི་བརྩམས་སྒྲུང་དེ་དག་ལྷོ་ཀོ་རི་ཡའི་ནང་དང་རྒྱལ་སྤྱིའི་ཐོག་ནས་བྱ་དགའ་ཉི་ཤུ་ལྷག་ཐོབ་ཡོད་འདུག
ཁོང་མོའི་སྒྲུང་བརྩམས་སྐད་གྲགས་ཆེ་ཤོས་ནི། ཕྱི་ལོ་༢༠༠༧་ལོར་པར་བསྐྲུན་ཞུས་པའི་<<ཤ་མ་ཟ་མཁན། (The Vegetarian)>>་ཞེས་པ་དེ་ཡིན་པ་དང་། དེ་དབྱིན་ཡིག་ནང་དུ་བསྒྱུར་རྗེས་༢༠༡༦ ལོར་རྒྱལ་སྤྱིའི་བརྩམས་སྒྲུང་བྱ་དགའ་(The International Booker Prize) ཐོབ་ཡོད་འདུག ཧན་ཀང་ནི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན་ལྷོ་རི་ཡའི་བུད་མེད་ཐོག་མ་དང་ཨེ་ཤེ་ཡའི་བུད་མེད་ཐོག་མ་དེ་ཆགས་ཡོད་འདུག
ནོ་བྷེལ་ཚོགས་ཆུང་གི་ཚོགས་གཙོ་ཨན་ཌར་ཨོལ་སོན་ལགས་ཀྱིས་ཧན་ཀང་གི་བརྩམས་ཆོས་ནང་ལོ་རྒྱུས་ཀྱི་རྨས་སྐྱོན་དང་མཐོང་མི་ཐུབ་པའི་ཁྲིམས་ལུགས་ལ་གདོང་ལེན་བྱེད་ཀྱི་ཡོད། ཁོ་མོ་ལ་ལུས་པོ་དང་རྣམ་ཤེས་དང་། གསོན་པོ་དང་ཤི་བོའི་བར་གྱི་འབྲེལ་བ་ལ་ཐུན་མོང་མ་ཡིན་པའི་ཤེས་རྟོགས་ཡོད་པ་དང་། མོ་ནི་དེང་རབས་ཀྱི་རྩོམ་ཡིག་གསར་གཏོད་བྱེད་མཁན་ཞིག་ཏུ་གྱུར་ཡོད། ཅེས་འགྲེལ་བརྗོད་གནང་འདུག
རྩོམ་པ་པོ་ཧན་ཀང་ནི་༡༩༧༠ལོར་ལྷོ་ཀོ་རི་ཡའི་གྲོང་ཁྱེར་གྭང་ཇུ་(Gwangju)རུ་སྐྱེས་ཤིང་། དེ་སྔོན་ལོ་༩ ལ་སླེབས་སྐབས་ནང་མི་ལྷན་དུ་ལྷོ་ཀོ་རི་ཡའི་རྒྱལ་ས་སའོ་ལ་གནས་སྤོ་བྱས་ཡོད་འདུག ཁོང་མོ་ནི་རྩོམ་རིག་གི་རྒྱབ་ལྗོངས་ཡོད་མཁན་ཞིག་ཡིན་པ་དང་། ཁོང་མོའི་ཨ་ཕ་ནི་སྒྲུང་རྩོམ་པ་གྲགས་ཅན་ཞིག་རེད་འདུག མོས་རྩོམ་ཡིག་འབྲི་བའི་མཉམ་དུ་སྒྱུ་རྩལ་དང་རོལ་དབྱངས་ལ་ཡང་འབད་བརྩོན་བྱས་ཡོད་འདུག
ད་བར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནས་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན་ལྔ་བྱུང་ཡོད་པ་དང་། དེ་དག་ནི་རྒྱ་གར་གྱི་རྩོམ་པ་པོ་རཱ་བིན་དྲ་ནཱཐ་ཊེ་གོར་ (Rabindranath Tagore) ལགས་དང་། ཉི་ཧོང་གི་རྩོམ་པ་པོ་ཡ་སུ་ན་རི་ཀ་ཝ་བ་ཏ་ (Yasunari Kawabata) ལགས། ཉི་ཧོང་གི་རྩོམ་པ་པོ་ཀེན་ཛ་བུ་རོ་ཨོ་ཨེ་ (Kenzaburō Ōe) ལགས། རྒྱ་རིགས་རྩོམ་པ་པོ་གའོ་སིན་ཅན་ (Gao Xingjian) ལགས། ལྷོ་ཀོ་རི་ཡ་རྩོམ་པ་པོ་ཧན་ཀང་ (Han kang) ལགས་བཅས་རེད་འདུག