03
Wed, Dec
5 རྩོམ་གསར།

བོད་ཀྱི་ཡིག་གཟུགས་ཀྱི་འཕེལ་རིམ་མདོ་ཙམ་བརྗོད་པ།

དཔག་བསམ་དོན་གྲུབ། རྩོམ་པ་པོས་ཡུལ་དངོས་ནས་ཡིག་གཟུགས་བརྩམས་ཆོས་གསར་རྩོམ་གནང་བཞིན་པ།

སྐད་ཡིག
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

བོད་ནང་གི་རྩོམ་པ་པོ་ཞིག་གིས་བོད་རྒྱལ་ཁབ་ཀྱི་རྩོམ་ཡིགཅི་སྤེལ་ཡོད་པ་གཤམ་དུ་བཀོད་ཡོད་པར་གཟིགས་རོགས།

ནོར་འཛིན་སྒེག་མོ་སྟོབས་དང་དཔུང་པས་བཟུང༌།།

སྒང་བ་བོད་ཀྱི་ཡུལ་ཁམས་གཅིག་བསྒྱུར་དང༌།།

ཆོས་སྲིད་ནོར་བུའི་འོད་སྣང་མཐོ་སྒང་ངོས།།

གཅིག་ཏུ་འདྲེན་མཛད་ཆོས་རྒྱལ་སྲོང་བཙན་མགོན། །

སྐད་གཉིས་སྨྲ་བའི་ལོ་ཙཱའི་ཐོག་མ་དང༌།།

བོད་ཀྱི་བརྡ་སྤྲོད་ཡི་གེ་གསར་བརྩམས་སོགས།།

མཛད་རྗེས་ནམ་མཁའི་ཕ་མཐའ་མི་མངོན་པའི།།

མཚུངས་མེད་སྨྲ་བའི་སྐྱེས་མཆོག་ཐོན་མི་དྲན།།

 

གང་དེའི་མཛད་པ་རྫ་ཆུ་རིང་མོའི་རྒྱུན།།

སྲུང་ཞིང་སྐྱོབ་མཛད་ཆོས་རྒྱལ་ལོ་པཎ་སོགས།།

བཀུར་འོས་དམ་པ་རྣམས་ལ་གུས་བཏུད་ནས།།

བོད་ཀྱི་ཡིག་གཟུགས་འཕེལ་རིམ་མདོ་ཙམ་འཆད།།

    ཅེས་མཆོད་བརྗོད་དང་རྩོམ་པར་དམ་བཅའ་པའི་ཚིག་གིས་མདུན་བསུས་ནས། གང་བཤད་པར་བྱ་བ་ནི། སྤྱིར་བོད་ཀྱི་ཡིག་གཟུགས་དར་ཚུལ་དང༌། བྱེ་བྲག་ཏུ་ཁམས་ཏྲེ་ཤོད་ཡུལ་དུ་ཡིག་གཟུགས་རྒྱ་ཆེར་དར་ཚུལ་བཤད་པ།

 

དང་པོར། སྤྱིར་བོད་ཀྱི་ཡིག་གཟུགས་དར་ཚུལ་བཤད་ན།

 

     དེ་ཡང་དུས་རབས་བདུན་པའི་ནང་གངས་ལྗོངས་ཡི་གེའི་སྣང་བྱེད་ཐོན་མི་སམ་བྷོ་ཊ་མཆོག་གིས་རྒྱལ་པོའི་བཀའ་བཞིན་ཐུགས་བསྐྱེད་ཀྱི་གོ་ཆ་ལུས་ལ་གྱོན། སྙིང་སྟོབས་ཀྱིས་རི་བོ་ཕྲག་ཏུ་བླངས། དཀའ་སྤྱོད་ཀྱིས་འཕྲང་ཆེན་དུ་མ་བརྒལ་ཏེ།འཕགས་ཡུལ་གྱི་མཁས་པ་བྲམ་ཟེ་ལི་བྱིན་སོགས་བསྟེན་ནས་ཡིག་རིགས་དུ་མར་སྦྱང་བརྩོན་གནང་བ་མ་ཟད།མཐར་བོད་རང་གི་སྐད་གཤིས་དང་ཡོངས་སུ་མཐུན་པའི་ཡི་གེ་འདི་སྲོལ་གཏོད་བྱས་པར་གྲགས། ཡིན་ནའང་ཕྱིས་ཀྱི་མཁས་པ་ཚོས་བོད་ཡིག་གི་མ་ཕྱི་ནི། ཞང་ཞུང་གི་སྨར་ཡིག་དང༌། འཕགས་ཡུལ་གྱི་གུཔྟ།ལཉྫ།ཝརྟུ་སོགས་ཡིན་པའི་འདོད་ཚུལ་དུ་མ་བྱུང༌།གང་ལྟར་ཐོན་མིས་དེ་དག་གི་ལེགས་ཆ་ཕྱོགས་བསྡུས་གནང་ཡོད་པ་སྨོས་མེད་རེད་སྙམ་མོ། །ཐོན་མིས་བོད་ཀྱི་ཡིག་གཟུགས་གཏན་ལ་ཕབས་པའི་ཡིག་གཟུགས་ཐོག་མ་ནི་སྦལ་ནག་ན་ལ་བགྲད་འདྲ་ཞེས་པ་དེ་ཡིན།དེ་ནས་རིམ་བཞིན་ཡིག་མཁན་རིན་ཆེན་འབར་ཞེས་བྱ་བས་སོ་ཕག་གཤིབ་འདྲ།ཆབ་དཀར་བེའུ་ཚེས་བྱ་ཕོ་འཇོལ་འདྲ།དགེ་བསྙེན་དཀོན་མཆོག་དབང་གིས་ནས་སྔོན་ཕྱིང་དཀར་ཐོག་བཀྲམ་འདྲ།དེའི་རྗེས་བྷེ་ཤོ་ཁྲམ་མམ་ཤཱཀྱ་དཀོར་གྱིས་མུ་ཏིག་བསྟར་ལ་བརྒྱུས་འདྲ།ཚེ་སྤོང་བྱང་ཆུབ་ཀྱིས་སྦུར་ནག་བགྲད་འདྲ།གྲ་ཤོད་རྣམ་གཉིས་ཀྱིས་སེང་གེ་གནམ་དུ་མཆོངས་འདྲ་སོགས་བཙན་པོའི་སྐབས་སུ་ཡིག་རིགས་ཆེན་པོ་བརྒྱད་བྱུང་བར་གྲགས།བསྟན་པ་ཕྱི་དར་གྱི་ཡིག་མཁན་ཀ་ཆུང་གིས་སོ་ཕག་གཤིབ་འདྲ་ལ་དཔེར་བྱས་ཏེ་གསར་བཏོད་མཛད་པའི་ཡིག་རིགས་ལ་ལེབ་ནི་གྲུ་བཞི་བདེ་ལེགས་ཞེས་པ་བྱུང༌།

    བསྟན་པ་སྔ་དར་དང་ཕྱི་དར་གྱི་མཚམས་སུ་ཁྱུང་པོ་གཡུ་ཁྲིས་སྔར་ཡོད་ཀྱི་དབུ་ཅན་གྲགས་ཅན་རྣམས་ཀྱི་ལེགས་ཆ་ཕྱོགས་གཅིག་ཏུ་བསྡུས་ཏེ་དཀྱིལ་འཁོར་གྱི་ཐིག་ཚད་ལ་དཔེ་བླངས་ནས་ཡིག་གཟུགས་ཀྱི་སྤྱི་ཁོག་གཏན་ལ་ཕབ་པ་དང༌། སྨྱུ་གུ་དང་ཤོག་བུ།བྲི་ལུགས་སོགས་ཀྱི་བསྟན་བཅོས་བརྩམས་ཏེ་སློབ་མ་ཡང་བསམ་གྱིས་མི་ཁྱབ་པ་བསྐྱངས།   དེ་ནས་བཟུང་དབུ་ཅན་གྱི་འབྲི་སྟངས་ལ་འགྱུར་བ་ཆེན་པོ་མ་སོང༌།  དུས་རབས་བཅུ་གཉིས་པའི་དཀྱིལ་དུ་ལོ་ཆེན་རིན་ཆེན་བཟང་པོས་སྔར་མེད་བཀའ་བསྟན་གྱི་གཞུང་པོད་མང་པོ་གསར་སྒྱུར་དང༌།  བསྒྱུར་ཟིན་པ་རྣམས་ལ་ཞུས་དག་མཛད་དེ་བོད་ཡུལ་གྱི་ཡིག་མཁན་མང་པོ་འབོད་འགུགས་གདན་ཞུས་ཀྱིས་ཡིག་གཟུགས་གཅིག་གྱུར་གྱི་མཐིང་ཤོག་ཐོག་ཕབ་བྲིས་བྱས་ཏེ་གཞུང་བཀའ་པོད་མང་པོ་བཞེངས་བསྐྲུན་མཛད།   དུས་རབས་བཅུ་གསུམ་པར་ས་པཎ་དང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་བོད་ཁམས་ཡོངས་ལ་ས་སྐྱ་པས་བདག་དབང་བསྒྱུར་ཏེ་ས་སྐྱའི་སྤྲུལ་པའི་ལྷ་ཁང་གསར་བཞེངས་མཛད་པ་དང་བསྟུན།  ནང་རྟེན་གསུང་རབ་བཀའ་པོད་ཆོས་ཀྱི་པོ་ཏི་རི་བརྩིགས་མ་དང༌།   པོད་ཆེན་ལྕགས་ལུང་ཆེན་པོ་སོགས་རིན་པོ་ཆེའི་རིགས་སྣ་འདུས་ཀྱིས་འབྲི་བཞེངས་བྱེད་པའི་ལས་ཀ་མགོ་ཚུགས་ཤིང༌། བོད་ཁམས་ཡོངས་ཀྱི་ཡིག་མཁན་མཁས་པ་མང་པོ་ཆེད་འབོད་གདན་ཞུས་གནང༌། དེ་ལྟའི་བཀའ་པོད་འབྲི་བཞེངས་ཀྱི་བྱ་བཞག་རླབས་ཆེན་ཁྲོད་བོད་ཀྱི་ཡིག་གཟུགས་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང༌། ཕྱིས་དུས་རབས་བཅུ་བཞི་པ་སྟེ་རྗེ་རིན་པོ་ཆེའི་སྐུ་རིང་ལ་སྔར་ལས་ལྷག་པར་གསུང་རབ་བསྟན་བཅོས་མང་པོ་ཤིང་དཔར་དུ་འདེབས་པའི་སྲོལ་རྒྱ་ཆེར་སྤེལ་བས།དབུ་ཅན་ཡིག་གཟུགས་འབྲི་ཚུགས་སྣ་གཅིག་ལྟ་བུར་སྣང་ནའང༌། ཤིང་དཔར་དུ་འགོད་པའི་དགོས་དབང་དང་བསྟུན་ཡིག་གཟུགས་ལ་ཁྱུང་བྲིས་དང་སྙེ་བྲིས། ཁམས་བྲིས་ཞེས་པའི་དབྱེ་བ་རིགས་གསུམ་བྱུང་ཞིང༌། ཁྱད་པར་དུ་ཁྱུང་བྲིས་ནི་བཀའ་བསྟན་སོགས་གསེར་བྲིས་སྐབས་སྤྱོད་པ་མ་ཟད། ཡིག་གཟུགས་ཀྱི་འབྲི་རྩལ་ཡང་རྩེར་སོན་པ་ཞིག་ཡིན། དེང་སྐབས་ཀྱི་རྒྱལ་རྩེ་དཔལ་འཁོར་དགོན་གྱི་བཀའ་འགྱུར་ཐེམ་སྤངས་མ་དང༌། རྒྱལ་དབང་ལྔ་པའི་སྐབས་བཞེངས་པའི་འབྲས་སྤུངས་ཀྱི་བཀའ་འགྱུར་གསེར་བྲིས་མ་འཛམ་གླིང་གཡས་བཞག་སོགས་ཁྱུང་བྲིས་ཡིན་པར་གྲགས། འོན་ཀྱང་མདོ་དབུས་ཁམས་གསུམ་གྱི་དབུ་ཅན་འབྲི་སྟངས་ལ་ཁྱད་པ་ཅུང་ཟད་སྣང་སྟེ་དབུས་གཙང་ཁུལ་དུ་དཀར་ཆ་ལས་ནག་ཆ་ཅུང་ཙམ་ཆེ་ལ་ཡིག་འབྲུ་ཚོ་བ་ཡོད།མདོ་སྨད་ཁུལ་དུ་དཀར་ཆ་ལས་ནག་ཆ་ཅུང་ཆུང་ཞིང་རྐང་པ་རིང་པོ་ཡོད། ཁམས་བྲིས་ཏེ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་ཞུ་དག་གནང་ཞིང་པར་རྐོ་བའི་སྡེ་དགེའི་ཤིང་པར་རམ་སྡེབ་བྲིས་ལྟར་ན་དཀར་ནག་ཆ་སྙོམས་ཤིང་བརྗིད་ཉམས་ལྡན་ནོ། །      ཆོས་རྒྱལ་ཁྲི་སྲོང་སྐབས་ནས་དབུ་མེད་ཀྱི་ཡིག་གཟུགས་ལ་ལྡན་མ་རྩེ་མང་གི་ཕྱག་རྒྱུན་ལ་ལྡན་ལུགས་དང༌།  ལི་ལུགས་གཉིས་འཕེལ་རྒྱས་ཕྱིན་མོད།    འོན་ཀྱང་དབུ་མེད་གཤར་མ་རྣམས་ཀྱི་མཆོག་གྱུར་ལི་ལུགས་ཀྱི་བྲིས་རྒྱུན་ཆད། དེ་རྗེས་ཚུགས་རིང་དང༌།  ཚུགས་ཐུང༌། དཔེ་ཚུགས། རྒྱུགས་ཡིག  འཁྱུག་ཆེན། འབྲུ་ཚ། ཁམས་སྡེ་དགེའི་པདྨ་འཁྱུག མགོ་ལོག་གི་ས་བྲིས་དང་ཨ་མདོ་ཁུལ་གྱི་དཔེ་ཚུགས་བཅས་ཁྱད་ཆོས་ལྡན་པའི་ཡིག་གཟུགས་མང་པོ་དར། གཞན་ཡང་ད་ལྟའི་ཆར་མཁས་མཆོག་ལོ་པཎ་རྣམས་ཀྱིས་མཛད་པའི་ཡིག་གསར་སྣ་ཚོགས་དང་མཁའ་འགྲོའི་བརྡ་ཡིག གཏེར་ཡིག་འདྲ་མིན་སོགས་ཡིག་གཟུགས་མི་འདྲ་བ་བརྒྱ་ལྷག་ཙམ་དངོས་སུ་མཇལ་རྒྱུ་ཡོད།

    རང་རེ་བོད་མི་རིགས་ཀྱི་ཡིག་གཟུགས་ལ་མཚོན་ན་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་ལ། དུས་ཡུན་དེ་དག་གི་རིང་བོད་མི་རིགས་རང་ངོས་ནས་ཡིག་གཟུགས་འབྲི་རྩལ་དང༌།   བཅོས་བསྒྱུར། གསར་གཏོད་བཅས་བྱས་པས་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང༌།       འདི་ལྟ་བུའི་གྲུབ་འབྲས་རླབས་ཆེན་ནི་དཀའ་སྤྱོད་སྡུག་རུས་ཀྱིས་རང་རང་གི་བློ་རྩལ་དང༌། དཔྱོད་ཤེས། ལག་ལེན་དངོས་ཀྱི་ཉམས་མྱོང་ལ་བརྟེན་ནས་བྱུང་བ་ལོས་ཡིན།   ཡིན་ནའང་ང་ཚོའི་མི་རབས་ནང་རང་ངོས་ནས་ཡིག་གཟུགས་ལ་འབད་བརྩོན་བྱེད་མཁན་ནི་ཉིན་རེ་ནས་ཉིན་རེར་ཉུང་ནས་ཉུང་དུ་འགྲོ་བཞིན་ཡོད་པ་དང༌།   དེ་མཚུངས་སུ་ཡིག་གཟུགས་འབྲི་ཤེས་མཁན་དང༌།  འབྲི་རྩལ་ལ་དགའ་མོས་དང་སྦྱོང་བརྩོན་བྱེད་མཁན་ནི་ཉིན་མོའི་སྐར་མ་བཞིན་ཧ་ཅང་ཉུང་ལ། རིག་གཞུང་དང་མཐུན་པའི་ཡིག་གཟུགས་འབྲི་སྤྱོད་བྱེད་པ་ཕར་ཞོག   དེ་དག་གཏན་ནས་མཐོང་མ་མྱོང་བ་དང༌།  ཚད་ལྡན་གྱི་སྨྱུ་གུ་འཛིན་སྟངས་བཞིན་ཡི་གེ་འབྲི་མཁན་ཧ་ཅང་ཉུང་བ་ཀུན་གྱིས་ཤེས་གསལ་རེད། ང་ཚོས་གློག་ཀླད་སོགས་འཕྲུལ་རིགས་བེད་སྤྱོད་ནས་དུས་ཡུན་ཐུང་ངུ་ཞིག་ལས་སོང་མེད་ཀྱང༌། ད་ཆར་མང་པོ་ཞིག་གིས་བོད་ཡིག་ལག་བྲིས་བྱེད་རྒྱུ་ལ་སུན་སྣང་དང་དཀའ་ལས་ཤིག་ཏུ་བརྩི་བ་མ་ཟད།     ཚིག་རྐང་འགའ་ལས་མེད་ནའང་ལག་བྲིས་བྱས་ན་དེ་ནི་རྗེས་ལུས་ཀྱི་རྣམ་པ་ཞིག་ཏུ་བརྩི་བཞིན་ཡོད། དྲང་མོར་བཤད་ན་དེ་ནི་ཕྱོགས་གཅིག་ནས་སྔར་ལས་འགྱུར་ལྡོག་བྱུང་བའི་གསར་གཏོད་ཀྱི་གྲུབ་འབྲས་ཤིག་རེད་ལ། གཞན་ཞིག་ནས་བཤད་ན་གསར་བྱུང་གི་དངོས་པོས་ཐེབས་པའི་མཇུག་འབྲས་ངན་པ་ཞིག་ཀྱང་རེད།   དུས་འདིར་ཡིག་གཟུགས་སྒྱུ་རྩལ་བ་དག་ཀྱང་གློག་ཀླད་ཡིག་གཟུགས་ལ་ཕྱོགས་ནས། རང་གི་འབྲི་རྩལ་ལག་ལེན་མ་བྱས་ན། ང་ཚོའི་བོད་མི་རིགས་ཀྱི་ལག་ལེན་ཁྲོད་ནས་བྱུང་བའི་ཡིག་གཟུགས་འབྲི་རྩལ་གྱི་རིག་གནས་ཁྱད་དུ་འཕགས་པ་དེ་དུས་ཡུན་ཐུང་ཐུང་ཞིག་གི་ནང་གོ་མེད་ཚོར་མེད་དུ་འགྱུར་བར་ཐེ་ཚོམ་མེད་པའོ།།

 

གཉིས་པ། བྱེ་བྲག་ཏུ་ཁམས་ཏྲེ་ཤོད་ཡུལ་དུ་ཡིག་གཟུགས་རྒྱ་ཆེར་དར་ཚུལ་བཤད་པ།

 

   ཁམས་ཏྲེ་ཤོད་དཀར་མཛེས་ཡུལ་ནི་དཔལ་འབྱོར་དང་འགྲིམ་འགྲུལ་གྱི་ལྟེ་བ་ཡིན་པས་ཆོས་ལུགས་དང་གྲུབ་མཐའ་དར་སྲོལ་ཆེ་བས་ཏྲེ་བོ་ལོ་ཙཱ་བ་ཤེས་རབ་དཔལ།རྒྱལ་དབང་ཀརྨ་པ་སྐུ་ཕྲེང་དང་པོ །སྐུ་ཕྲེང་བདུན་པ། སྐུ་ཕྲེང་དགུ་པ། ཞྭ་དམར་བ་ཆོས་གྲུབ་རྒྱ་མཚོ།   གསུང་འབུམ་པོད་བཅུ་དགུ་ཡོད་པའི་མ་ཧཱ་པཎ་ཌི་ཏ་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དང༌། མཁས་པའི་དབང་པོ། བླ་སྤྲུལ་དགེ་བཤེས་གྲངས་ལས་འདས་པ་བྱུང༌།    དེ་བཞིན་བྲིས་ལ་མཁས་པའང་བོད་ཕྲུག་ཚེ་དབང་བཀྲ་ཤིས། དགེ་བཤེས་པདྨ་ཀླུ་སྒྲུབ།༼ལཉྫའི་ཀ་དཔེ་བློ་གསར་སོར་མོའི་གཉེན་ཞེས་པ་བྲིས།༽   བླ་མ་ཡ་མ་བཀྲ་ཤིས། བློ་བཟང་དོན་ཡོད། གཙང་ཁ་སངས་རྒྱས་རྒྱ་མཚོ་ལྟ་བུའོ།ཁོང་རྣམས་ནི་འཕགས་བོད་ཡིག་གཟུགས་སྤྱི་ལ་བྱང་ཆ་ཆེ་ཞིང༌།    ལྷག་པར་དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་ལ་དབང་འབྱོར་བ།  གཡུ་ཁྲིའི་ཕྱག་རྒྱུན་རྒྱུན་འཛིན་བྱེད་པའི་མཁས་པ་ཚད་ལྡན་ཤ་སྟག་ཡིན། ལོ་རབས་བརྒྱད་ཅུ་པར་དོ་སྒང་ཚང་རྒན་ངག་དབང་བཀྲ་ཤིས་མཆོག་རྒྱལ་ས་པེ་ཅིང་དུ་ཕེབས་ནས་དབུ་ཅན་ཕྱག་བྲིས་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ། དེ་བཞིན་བེ་རི་དཔོན་གྱི་དྲུང་ཡིག་ཁག་དང༌།  ཁང་གསར་དྲུང་ཡིག་བློ་བཟང་ཡེ་ཤེས་སོགས་ཀྱིས་ཁྱུང་པོ་གཡུ་ཁྲི་དང་ལྡན་མ་རྩེ་མང་ནས་རིམ་པར་བརྒྱུད་པའི་ཡིག་གཟུགས་ཀྱི་ཕྱག་རྒྱུན་རྣམས་མི་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་བྱས། ལྷག་པར་དུ་ཤེས་བྱ་རིག་གནས་ཀུན་ལ་མཁས་པའི་རྒན་ཚེ་རྣམ་མཆོག་དཀར་མཛེས་གདོང་ཐོག་དགོན་པའི་དྲུང་ཡིག་ཏུ་གདན་དྲངས་ནས་གདོང་ཐོག་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་༼གསུང་འབུམ་པོད་བཅུ་ལྔ་ཙམ་ཡོད་ཚང་མ་ལག་བྲིས་ཤ་སྟག་ཡིན༽་དང༌།  རྒྱུད་སྨད་མཁན་ཟུར་ཏྲེ་ཧོར་དགེ་བཤེས་མཐུ་སྟོབས་མགོན་པོ་སོགས་སྤྲུལ་པའི་གང་ཟག་དང་སེར་སྐྱ་ཕོ་མོ་མང་པོར་ཡི་གེ་དཀར་ནག་གི་འབྲི་ལུགས་བཅས་སྡེ་དགེ་དཔལ་སྤུངས་ལུགས་ཀྱི་ཁྲིད་སྲོལ་གཙང་མའི་རྒྱུད་པ་སྤེལ། ཁོང་གིས་ཁམས་བྲིས་བང་ལྒང་མའི་(དཔེ་ཚུགས་སམ་འབྲུ་འབྲིང༌།)ཡིག་ཚུགས་ཀྱིས་བྲིས་པའི་རོ་ལངས་གསེར་འགྱུར་གྱི་སྒྲུང་གི་གླེགས་བམ་ཆེན་པོ་ཞིག་ད་ལྟའང་མཐོང་ཆོས་སུ་ཡོད། གདོང་ཐོག་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་གྱིས་ཁམས་བྲིས་རྣལ་མས་《གཟབ་བྲིས་ཀྱི་རྣམ་གཞག་ཀ་དཔེ་དང་བཅས་པ་བློ་གསལ་དགའ་སྐྱེད།》ཅེས་ཕྱག་བྲིས་གནང་ཞིང༌།   ཁྱད་ཆོས་འབུར་དུ་ཐོན་པའི་ཕྱག་བྲིས་དེ་འཛམ་གླིང་ཤར་ནུབ་གང་སར་ཁྱབ་སྤེལ་རྒྱ་ཆེ་མཛད། རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་དགེ་བཤེས་མཐུ་སྟོབས་མགོན་པོའི་སྒྲོས་ཤོས་ཆེ་བའི་ཚུགས་ཐུང་དང་འཁྱུག་ཡིག་གི་ཕྱག་སྲོལ་གཙང་མ་དེ་འཕགས་ཡུལ་གྱི་གདན་ས་ཁག་ལ་སྤེལ་ནས་གནས་དེ་དག་གི་སྤྱད་དང་སྤྱོད་མུས་ཡིན། རྒན་བརྐོས་པ་བཀྲ་རྒྱལ་གྱིས་ཕྱག་བྲིས་ནི་འཕྲུལ་ཆས་ཀྱིས་སྒྲིག་པ་ལྟ་བུ་ལས་མིས་བྲིས་པར་ཡིད་མི་ཆེས་ལ་ཤིང་གི་པར་མའི་བཀའ་བསྟན་གྱི་ཡིག་ཚུགས་དང་ཆུ་ནང་ཆུ་བཞག་ཡིན། ཁོང་གི་སློབ་མ་བུད་མེད་བྲིས་པ་ཁག་གིས་བྲིས་པའི་གླེགས་བམ་མང་པོ་ད་ལྟའང་སྤྱི་ཚོགས་སུ་མཐོང་རྒྱུ་ཡོད། རིག་གནས་གསར་བརྗེ་ཆེན་པོའི་རྗེས་སུ་ཏང་གི་སྲིད་ཇུས་གུ་ཡངས་གྱུར་པས་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པར་སྡེ་དགེ་རྫོགས་ཆེན་ཤྲཱི་སེང་ནཱ་ལེནྡྲ་རུ་སྦྲ་གུར་གྱི་སློབ་གྲྭ་ཐོག་མར་ཚུགས། དེ་དུས་དགེ་རྒན་དམ་པ་ས་སྐྱ་གླང་སྣ་དགོན་པའི་བླ་མ་བཀྲ་ཤིས་དོན་འགྲུབ་དང་བཀའ་བརྒྱུད་བན་རྒན་དགོན་གྱི་རྒན་བསོད་རྒྱལ་གཉིས་ཀྱིས་བྲིས་གཟུགས་དགེ་རྒན་གྱི་འགན་བཞེས་ནས་ཡིག་དཀར་དང་ཡིག་ནག   ལཉྫ།  ཝརྟུའི་བྲིས་རྒྱུན་སོགས་ཀྱི་མེ་རོ་སླར་གསོ་བྱས།  ཁོང་རྣམ་པས་གསོ་སྐྱོང་བྱས་པའི་སློབ་མ་ནི་རྒན་ཚེ་རིང་དབང་རྒྱལ། རྒན་རིག་བསྟན། རྒན་དཔལ་བསྡུས། རྒན་ཤེས་རབ་འོད་ཟེར།  རྒན་བསོད་ནམས་དབང་རྒྱལ།  རྒན་བསོད་ནམས་རྡོ་རྗེ། རྒན་ཡ་མ་མགོན་པོ་སོགས་ཡིན། དེ་དག་ཚང་མས་རང་གི་ནུས་པ་ཡོད་རྒུ་རྩལ་དུ་དཀྲུགས་ནས་《གངས་ཅན་བྷོ་ཊའི་ཡིག་གཟུགས་ཀྱི་མ་ཕྱི་གཡུ་ཁྲིའི་ཕྱག་བྲིས།》ཞེས་པ་དང༌།  《བོད་རྒྱ་ཡིག་རིགས་སྣ་ཚོགས་ཀྱི་མ་ཕྱི་བཻ་རོའི་ཕྱག་བྲིས།》ཞེས་པ།   《བོད་ཀྱི་ཡིག་གཟུགས་ཀྱི་རྒྱུན་མཁོའི་ཤེས་བྱ་དང་ཡིག་གཟུགས་ཀྱི་རྒྱུ་རྩལ།》ཞེས་པ།  《བོད་ཀྱི་ཡིག་གཟུགས་ཀུན་གསལ་མེ་ལོང༌།》ཞེས་པ།  《ཐོན་མི་རྗེས་དྲན་ཡིག་གཟུགས་ཀྱི་མ་ཕྱི་ཀུན་འཛོམས།》ཞེས་པ།   《བོད་ཡིག་གི་བྲིས་ཚུགས་གཡུ་ཁྲིའི་ཕྱག་རྒྱུན།》ཞེས་པ།   《ཡིག་གཟུགས་ཀྱི་རྣམ་བཤད་དུང་གི་ཟླ་བ།》ཞེས་པ། 《ལྕགས་སྨྱུག་གི་བོད་ཡིག་དབུ་ཅན་འབྲི་ཐབས་ཀྱི་དཔེ་གཞི།》ཞེས་པ།  《བོད་ཀྱི་ཡི་གེའི་རྣམ་བཤད་སེང་གེའི་ང་རོ།》ཞེས་པ་སོགས་བྲིས་དཔེ་མང་པོ་དཔར་སྐྲུན་མཛད། ད་དུང་དགེ་རྒན་འདི་དག་དང་འདི་དག་གི་རྒྱུན་འཛིན་ཚོས་དཀར་མཛེས་མི་རིགས་དགེ་འོས་སློབ་གྲྭ་དང་ཀྲུང་གོ་མཐོ་རིམ་ནང་བསྟན་སློབ་གླིང༌།  སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོ།  སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ   དཀར་མཛེས་བོད་ཡིག་སློབ་འབྲིང་སོགས་སུ་སྐལ་ལྡན་གྱི་སློབ་མ་མང་པོ་བསྐྱངས་དང་སྐྱོང་བཞིན་ཡོད།  དགེ་རྒན་སྐོར་ཞིག་གིས་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་ཡིག་གཟུགས་བཤམ་སྟོན་བྱས་ནས་མི་རིགས་གཞན་ལ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱིས་མིག་དབང་འཕྲོག་ཏུ་བཅུག་པ་དང༌། དེ་བཞིན་ལོ་མང་རིང་ཡིག་གཟུགས་ལ་ཞིབ་འཇུག་བྱེད་མཁན་བྲིས་པ་ཁག་གཅིག་གིས་འདྲ་གཟུགས་དང་མཛེས་རིས་སོགས་ལ་འབད་འབུངས་ལྷོད་མེད་གནང་ནས་བོད་ཀྱི་ཡིག་གཟུགས་ཐད་ཀྱི་སྟོང་ཆ་དེ་བསྐངས་དང་སྐོང་བཞིན་ཡོད། དེ་བཞིན་ཉེ་བའི་ལོ་རབས་སུ་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དང་ཡ་ཆེན་ཆོས་སྒར་ཆེན་མོ་གཙོ་བོར་བྱས་པའི་ཏྲེ་ཤོད་ཁུལ་གྱི་ཆོས་སྡེ་ཁག་གིས་ཀྱང་བྲིས་གཟུགས་ཐད་སྔར་ལས་དང་དོད་དང་སློབ་གཉེར་བྱས་པས་ཡིག་མཁན་མང་པོ་བྱུང་དང་འབྱུང་བཞིན་ཡོད།སྤྱི་ལོ༢༠༡༤ལོར་དཀར་མཛེས་ཁུལ་བོད་ཡིག་ཡིག་གཟུགས་མཐུན་ཚོགས་དབུ་བརྙེས་ནས་བྲིས་པ་གསོ་སྐྱོང་བྱ་བའི་འཆར་གཞི་རབ་དང་རིམ་པ་མང་པོ་ཡིག་ཐོག་ཏུ་བཀོད་ཅིང༌། དེ་བཞིན་རྫོང་ཁག་སོ་སོས་ཀྱང་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་དམངས་ཁྲོད་ཀྱི་ཡིག་གཟུགས་མཐུན་ཚོགས་མང་པོ་བཙུགས་ནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱས་དང་བྱེད་བཞིན་ཡོད།  དཔེར་ན། དཀར་མཛེས་ཀྱི་དགོན་སྡེ་ཁག་གཅིག་གིས་འཛུགས་པའི་ཐོན་མིའི་མཛུབ་རིས་རྒྱུན་སྐྱོང་ལྟེ་གནས་ཚོགས་པ་དང༌།     དགེ་རྒན་ཁག་གཅིག་གིས་འཛུགས་པའི་དཀར་མཛེས་ནོར་གླིང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཚོ་ཆུང༌། སློབ་གྲྭ་ཁག་གཅིག་གིས་ཡིག་གཟུགས་དགའ་མོས་ལྷན་ཚོགས་སོགས་འཛུགས་ནས་ནུས་པ་གང་ཡོད་ཀྱིས་ཡིག་གཟུགས་བཤམ་སྟོན་དང་ཡིག་གཟུགས་འགྲན་བསྡུར།  ཡིག་གཟུགས་ཟབ་སྦྱོང་སོགས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འཛིན་སྐྱོང་སྤེལ་གྱི་ལས་ལ་བྲེལ་དང་བྲེལ་བཞིན་ཡོད་དོ།།

ཁ་ནས་སྐད་རིགས་སྣ་ཚོགས་མི་ཐོན་ཞིང༌།།

ལག་པ་ཡིག་རིགས་ཀུན་ལ་མ་བྱང་ཡང༌།།

སྔོན་བྱོན་མེས་པོའི་ཕྱག་སོར་འདུ་བྱེད་ལས།།

འཁྲུངས་པའི་སྒྱུ་རྩལ་འདི་ལ་སྙིང་ནས་དུངས།།

    ཞེས་པ་འདི་ནི་བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ་ལོའི་ཧོར་ཟླ་གཉིས་པའི་ཚེས་ལྔར་དཀར་མཛེས་མི་རིགས་སློབ་འབྲིང་གི་མཐོ་རིམ་དགེ་རྒན་དང་ཞིང་ཆེན་རིམ་པའི་ཡིག་གཟུགས་རྒྱུན་འཛིན་པ། ཞིང་ཆེན་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། ཞིང་ཆེན་གྱི་ཕུལ་བྱུང་རིག་གནས་དང་བླངས་པ།  《དགེ་རྟག་གཞས་ཚིག་གི་ཡིག་གཟུགས་ཞལ་ཐང་རིང་མོ།》འབྲི་བ་པོ་དཀར་མཛེས་དཔག་བསམ་དོན་འགྲུབ་ཀྱིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་གཏམ་བཤད་ཚུལ་དུ་བྲིས་པ་དགེའོ།།