08
Thu, Jan
11 རྩོམ་གསར།

ནང་པའི་དགེ་འདུན་པ་ཁག་ཅིག་ནས་ཨ་རི་ནང་“ཞི་བདེའི་ཆེད་དུ་སྐྱོད་པའི་གོམ་བགྲོད་བསྐྱོད་བཞིན་འདུག

ནང་པའི་དགེ་འདུན་པ་ཁག་ཅིག་ནས་ཨ་རི་ནང་“ཞི་བདེའི་ཆེད་དུ་སྐྱོད་པའི་གོམ་བགྲོད་བསྐྱོད་བཞིན་པ། པར། བརྒྱུད་ལམ་ཁག

རྒྱལ་སྤྱི།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༦ ལོའི་ཟླ་༡ པའི་ཚེས་༥ ཉིན་སྤེལ། ནང་པའི་དགེ་འདུན་པ་ཁག་ཅིག་ནས་ཨ་རི་ནང་“ཞི་བདེའི་ཆེད་དུ་སྐྱོད་པའི་གོམ་བགྲོད”ཅེས་པའི་བརྗོད་གཞིའི་འོག་ནས། ཞི་བདེ་དང་། བྱམས་པ། བརྩེ་བ་ཁྱབ་སྤེལ་གནང་བཞིན་པར་ས་གནས་གཞུང་མང་གཉིས་ནས་རྒྱབ་སྐྱོར་དང་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་པར་མ་ཟད། སེམས་འགུལ་ཐེབས་ནས་མིག་ཆུ་བཞུར་མཁན་དང་། པུས་མོ་བཙུགས་ནས་མེ་ཏོག་ཕུལ་མཁན། སྐད་གསང་མཐོན་པོས་བསྔགས་བརྗོད་བྱེད་མཁན་ཡང་མང་དུ་བྱུང་འདུག དེར་བརྟེན། ཁོང་ཚོས་ས་གནས་ཀྱི་སྤྱི་ཚོགས་གཙོས་པའི་སྤྱི་ཚོགས་གང་སར་མིག་དཔེ་བཟང་པོ་དང་ཤུགས་རྐྱེན་བཟང་པོ་སྐྲུན་བཞིན་འདུག

དེ་ཡང་། ཕྱི་ལོ་༢༠༢༥ ལོའི་ཟླ་༡༠ པའི་ཚེས་༢༦ ཉིན། ནང་པའི་དགེ་འདུན་བཅུ་དགུ་ཡིས་ཨ་རིའི་མངའ་སྡེ་ཊེ་སི་སི་(Texas)ནས་ཞི་བའི་གོམ་བགྲོད་མགོ་བརྩམས་ནས་ཨ་རི་རྒྱལ་ས་ཝ་ཤིན་ཊོན་དབར་ཞི་བའི་གོམ་བགྲོད་ཕེབས་བཞིན་ཡོད་ཅིང་། ལམ་ཐག་ནི་སྨི་ལེ་ ༢༣༠༠ ཡོད་པ་དང་། ཉིན་གྲངས་ ༡༢༠ འགོར་རྒྱུ་ཡིན་སྐོར་བརྗོད།

གོམ་བགྲོད་འདིའི་དམིགས་ཡུལ་ནི། ཨ་རི་གཙོས་པའི་འཛམ་གླིང་ནང་ཞི་བདེ་དང་། བྱམས་པ། བརྩེ་བ་བཅས་ཁྱབ་སྤེལ་གཏོང་བ་དེ་རེད། དགེ་འདུན་པ་རྣམས་ཞི་བའི་གོམ་བགྲོད་ཕེབས་སྐབས། གཞུང་མང་གཉིས་ནས་དགའ་བསུ་དང་། སྣེ་ལན། རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་ཡོད་པར་མ་ཟད། སེམས་འགུལ་ཐེབས་ནས་མིག་ཆུ་བཞུར་མཁན་དང་། པུས་མོ་བཙུགས་ནས་མེ་ཏོག་ཕུལ་མཁན། སྐད་གསང་མཐོན་པོས་བསྔགས་བརྗོད་བྱེད་མཁན་ཡང་མང་དུ་བྱུང་འདུག དེར་བརྟེན། ཁོང་ཚོས་ས་གནས་ཀྱི་སྤྱི་ཚོགས་གཙོས་པའི་སྤྱི་ཚོགས་གང་སར་མིག་དཔེ་བཟང་པོ་དང་ཤུགས་རྐྱེན་བཟང་པོ་སྐྲུན་བཞིན་འདུག

ཁོང་ཚོ་དང་མཉམ་དུ་ཨ་ལོ་ཀ་(Aloka)ཞེས་པའི་ཁྱི་ཞིག་ཀྱང་གོམ་བགྲོད་དུ་འགྲོ་བཞིན་ཡོད་ཅིང་། དེར་མི་མང་གིས་དགའ་མོས་དང་དོ་སྣང་དམིགས་བསལ་གནང་བཞིན་འདུག ལ་ལས་དེར་“ཞི་བདེའི་ཁྱི”དང་ “ཞི་བདེའི་མགྲིན་ཚབ་པ” ཞེས་མིང་འབོད་ཀྱང་བྱེད། ཁྱི་དེ་ནི་རྒྱ་གར་ནས་དགེ་འདུན་པ་དེ་ཚོ་དང་འཕྲད་ནས་ཁོ་ཚོའི་རྗེས་སུ་ཞུགས་འདུག

ཞི་བདེའི་ཆེད་དུ་སྐྱོད་པའི་གོམ་བགྲོད་ཅེས་པ་འདི་ལ། གསར་འགྱུར་བརྒྱུད་ལམ་དང་དྲ་ལམ་ཁག་ཏུ་ཚ་ཚ་འུར་འུར་གྱིས་དོ་སྣང་བྱེད་བཞིན་འདུག ཁ་ཤས་ཀྱིས་གོམ་བགྲོད་འདི་ལ་བསྟོད་དབྱངས་ཀྱི་གླུ་གཞས་ལེན་པའང་འདུག་ལ། དགའ་མོས་དང་ཡི་རང་གིས་བསྔགས་པའི་བརྗོད་ཚིག་འབྲི་མཁན་ཡང་ཤིན་ཏུ་མང་། གཞན་ཡང་། ཁོང་ཚོར་དོ་སྣང་ཤུགས་ཆེན་བྱེད་པའི་རྒྱུ་མཚན་གཅིག་ནི། དགེ་འདུན་པ་རྣམས་ཞི་བའི་གོམ་བགྲོད་ཕེབས་སྐབས། སྐྱེལ་འདྲེན་རླངས་འཁོར་ཞིག་གིས་དགེ་འདུན་པ་གཅིག་ལ་བརྡུངས་པར་བརྟེན། ཁོང་ལ་རྨས་སྐྱོན་ཤུགས་ཆེན་ཕོག་ནས་རྐང་པ་གཅིག་བཏུབ་དགོས་བྱུང་། ཡིན་ནའང་། དགེ་འདུན་པ་ཁོང་གིས་བཟོད་སེམས་ཀྱི་ཀུན་ནས་བསླངས་ཏེ་སྐྱེལ་འདྲེན་རླངས་འཁོར་གཏོང་མཁན་དེར་གུ་ཡངས་གནང་། དེར་བརྟེན། གནས་ཚུལ་དེས་མི་མང་པོར་སེམས་འགུལ་ཐེབས་པར་བྱས།

ད་ལྟར་དགེ་འདུན་པ་རྣམས་གོམ་བགྲོད་དུ་ཕེབས་སྐབས། ཉེན་རྟོག་པས་སྲུང་སྐྱོབ་ཞུ་བཞིན་ཡོད་པར་མ་ཟད། ས་གནས་རེ་རེར་འབྱོར་སྐབས་གཞུང་མང་གཉིས་ནས་དགའ་བསུ་སྣེ་ལེན་དང་རྒྱབ་སྐྱོར་རོགས་འདེགས་ཞུ་བཞིན་འདུག་ལ། ཁོང་ཚོས་ཀྱང་ཆོས་བཤད་དང་། ཞལ་འདོན། གཏམ་བཤད་བཅས་གནང་ནས། ཞི་བདེ་དང་། བྱམས་པ། བརྩེ་བ་བཅས་ཀྱི་གལ་ཆེན་རང་བཞིན་དར་སྤེལ་གཏོང་བཞིན་འདུག