03
Wed, Dec
5 རྩོམ་གསར།

༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་ཆུང་སྲིད་རིན་པོ་ཆེ་གློད་གྲོལ་དགོས་པའི་ལས་འགུལ་ཞིག་སྤེལ་འདུག

ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༢༦ ཉིན། ཨ་རི་ནིའུ་ཡུག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ། པར། བརྒྱུད་ལམ།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ ཟླ་ ༡༠ ཚེས་ ༢༦། ཨ་རི་གྲོང་ཁྱེར་ནིའུ་ཡོག་ཏུ་བོད་རང་བཙན་འཐབ་རྩོད་པས་གོ་སྒྲིག་འོག ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྙིང་སྟོབས་ཞུམས་པ་མེད་པའི་ཐོག་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ངན་ལ་གདོང་ལེན་གྱིས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་བ་སོགས་ལ་བཀའ་དྲིན་རྗེས་དྲན་དང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་ད་བར་ལོ་ངོ་༣༠ ལྷག་གར་སོང་ཆ་མེད་དུ་འགྱུར་ཡོད་པར་བརྟེན་མྱུར་དུ་གློད་གྲོལ་དགོས་པའི་དགོས་འདུན་བཏོན་འདུག

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠་པ་ནས་༡་དབར། བོད་རང་བཙན་འཐབ་རྩོད་པས་གོ་སྒྲིག་འོག སྤྱི་འཐུས་དགེ་བཤེས་ལྷ་རམ་པ་གོ་བོ་ཕན་བདེ་མཆོག་དང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་རྣམ་གཉིས་དང་། བོད་རང་བཙན་འཐབ་རྩོད་པ་ཐུབ་བསྟན་ཆོས་ཉིད་ལགས། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་པའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་བོད་མི་བཅས་ཁྱོན་མི་གྲངས་༣༠་ལྷག་མཉམ་ཞུགས་གནང་ནས་ཨ་རི་ནིའུ་ཡུག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། བོད་ནང་དུ་རྒྱ་གཞུང་གིས་མི་རིགས་དང་སྐད་ཡིག་རྩ་མེད་བཟོ་བཞིན་པའི་སྲིད་བྱུས་ངན་པ་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་དང་། རྒྱ་དམར་གཞུང་གིས་བོད་མི་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་མུས་ཡིན་པའི་གོ་རྟོགས་དང་འབོད་སྐད་གནང་ནས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག

ངོ་རྒོལ་གྱི་ལས་འགུལ་འདིའི་ཁྲོད། ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་སླད་སྙིང་སྟོབས་ཞུམས་པ་མེད་པའི་ཐོག་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ངན་པར་གདོང་ལེན་གྱིས་ཡིག་འབྲུ་ཁྲི་བདུན་ཞེས་པ་སྙན་ཞུ་རྒྱ་ནག་གཞུང་པ་སྤྲད་པར་བརྟེན་ནས། ཁོང་མི་ལོ་༡༤ ལ་བཙོན་འཇུག་བྱས་ཡོད་སྐོར་།

དེ་བཞིན་བོད་ཀྱི་ཆོས་དང་སྐད་ཡིག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གནང་བ་སོགས་ལ་བཀའ་དྲིན་རྗེས་དྲན་ཞུས་འདུག དེ་བཞིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་བར་ལོ་ངོ་༣༠ ལྷག་གར་སོང་ཆ་མེད་དུ་འགྱུར་ཡོད་པར་ཁོང་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་བཅས་པ། དེ་བཞིན་བོད་ཀྱི་རྒྱལ་གཅེས་ཆབ་སྲིད་ཀྱི་བཙོན་པ་ཡོངས་སུ་སྔོན་འགྲོའི་ཆ་རྐྱེན་གང་མེད་པའི་ཐོག་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ངོ་རྒོལ་སྐད་འབོད་དང་ཞུ་གཏུགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག

གཞན་ཡང་། ཟླ་འདིའི་ཚེས་༢༧ ཉིན། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་ཕན་བདེ་མཆོག་དང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་རྣམ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་༸པན་ཆེན་ཀུན་གཟིགས་རིན་པོ་ཆེའི་གནད་དོན་དང་འབྲེལ་ཞུ་ཡིག་ཞིག་ལྕམ་སྐུ་མིས་སྦོ་སྦི་བརྒྱུད་ནས་ཕུལ་ཡོད་འདུག