ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༡༢ ཉིན། ཉེ་ཆར་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྫུན་མ་རྒྱལ་མཚན་ནོར་བུས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ནི་རྒྱ་གཞུང་གི་ཁྲིམས་དང་མཐུན་པ་དགོས་ཞེས་བརྗོད་ཡོད་པར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་མཐའ་གཅིག་ཏུ་ངོ་རྒོལ་དང་ངོས་ལེན་མེད་ཅེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། སྐབས་དེར་སྤྱི་ནོར་༸གོང་ས་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་ངོས་འཛིན་ནི་དགའ་ལྡན་ཕོ་བྲང་དགེ་རྩ་ཚོགས་པར་ཡོད་པ་ལས་རྒྱ་གཞུང་ལ་མེད། རྒྱ་གཞུང་གིས་རྒྱལ་མཚན་ནོར་བུ་བེད་སྤྱད་བཏང་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་བཤད་དུ་བཅུགས་ཡོད་པ་ནི་ཧ་ཅང་གི་ངོ་ཚ་དང་ཇུས་མེད་ཇུས་འཁྲི་རང་རེད། ཅེས་བརྗོད་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠།༣༠ ཐོག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་ཀྱི་ཚོགས་ཁང་དུ། ཚོགས་པ་དེའི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་དང་། དྲུང་ཆེ་མཚམས་ཆོས་ལགས། རིག་གཞུང་དྲུང་ཆེ་ཐུབ་བསྟན་ཚེ་རིང་ལགས་བཅས་ཀྱིས་ཟླ་འདིའི་ཚེས་༨ ཉིན་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྫུན་མ་རྒྱལ་མཚན་ནོར་བུས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ནི་རྒྱ་གཞུང་གི་ཁྲིམས་དང་མཐུན་པ་དགོས་ཞེས་བརྗོད་ཡོད་པ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།
སྐབས་དེར། ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་བརྗོད་དོན། ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༨ ཉིན་རྒྱ་དམར་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་བཞུགས་མོལ་ཚོགས་འདུ་ཞེས་པ་ཞིག་བོད་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོའི་དགོན་དུ་ཚོགས་ཡོད་པ་དང༌། སྐབས་དེར་རྒྱ་གཞུང་གི་པཎ་ཆེན་རྒྱལ་མཚན་ནོར་བུས་ “བཙན་བྱོལ་དུ་ཡོད་པའི་ཆོས་ལུགས་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་གི་རྒྱུད་འཛིན་ནི་རྒྱ་ནག་གི་ཁྲིམས་དང་མཐུན་དགོས་པ་དང་། རྒྱ་ནག་པེ་ཅིང་སྲིད་གཞུང་རང་ནས་རྒྱབ་སྐྱོར་གནང་དགོས་” ཞེས་བརྗོད་ཡོད་འདུག
ཐུབ་བསྟན་ཚེ་རིང་ལགས་ཀྱིས་བརྗོད་དོན། སྤྱིར་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་བོད་རང་གི་སྲོལ་རྒྱུན་གྱི་ཡང་སྲིད་ངོས་འཛིན་ལམ་ལུགས་ཤིག་ཡོད་བཞིན་པ་དང༌། ལྷག་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་ཕྱི་ལོ་ ༡༩༦༩ ཙམ་ནས་རིམ་པར་བཀའ་གནང་ཡོད་པ་དང༌། དམིགས་བསལ་ཕྱི་ལོ ༢༠༢༥ ཟླ་༧ ཚེས་༢ ཉིན་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པའི་དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་མཆོག་ནས་“ྋརྒྱལ་དབང་སྐུ་ཕྲེང་ན་རིམ་ངོས་འཛིན་བྱེད་ཕྱོགས་ཐད་བསྒྲགས་གཏམ་སྔོན་མའི་ནང་གསལ་བཞིན། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་དགེ་རྩ་ཚོགས་པ་ལ་ཡོད་པ་དང་། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་རྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དད་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་གནས་བབས་ལ་འགྱུར་བ་གང་ཡང་མེད།” ཅེས་བཀའ་གནང་བ་བཞིན་ྋསྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་༸གོང་ས་མཆོག་སྐུ་སྒེར་དང་དགའ་ལྡན་ཕོ་བྲང་དགེ་རྩ་ཚོགས་པ་གཅིག་པུར་དབང་ཚད་ཡོད་པ་ལས་གཞན་སུ་ལའང་ཐེ་བྱུས་དང་འགན་དབང་གང་ཡང་མེད་པ་གསལ་པོར་བཀའ་གནང་ཡོད།
ལྷག་པར་ནང་ཆོས་དུག་ཏུ་ངོས་འཛིན་བྱེད་མཁན་གྱི་རྒྱ་དམར་སྲིད་གཞུང་དང་། སྲིད་གཞུང་དེས་ངོས་འཛིན་བྱས་པའི་པཎ་ཆེན་མིང་འཛིན་པ་རྒྱལ་མཚན་ནོར་བུར་འགན་དབང་དང་ཐེ་བྱུས་བྱེད་དབང་དེ་བས་ཀྱང་མེད་ཅེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བསྐྱར་དུ་ནན་བརྗོད་བྱ་རྒྱུ་ཡིན། དེ་བཞིན་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་ཡང་སྲིད་ངོས་འཛིན་གནང་བའི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་ཀྱང་རྒྱ་དམར་སྲིད་གཞུང་རང་ཉིད་ནས་ཉེས་མེད་འཛིན་བཟུང་བཙོན་འཇུག་གིས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པས་བྱིས་པའི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་སྔར་སྲོལ་ལམ་ལུགས་སོགས་ལ་བརྩི་མེད་རྡོག་རོལ་གྱིས་རྒྱ་གཞུང་རང་ཉིད་ནས་ངོས་འཛིན་དང་དམར་ཤོག་གི་ལྟ་བ་སློབ་ཁྲིད་བྱས་པའི་པཎ་ཆེན་རྫུན་མ་དེར་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་ཐེ་བྱུས་བྱེད་དུ་བཅུགས་པ་ལས་རྒྱ་དམར་སྲིད་གཞུང་རང་ཉིད་ཀྱི་འགོ་དཔོན་མའོ་ཙེ་ཏུང་སོགས་ཀྱི་ཡང་སྲིད་བཙལ་འཚོལ་བྱས་ན་འོས་ཤིང་འཚམ་པ་ཞིག་ཡོང་ངེས་རེད། ཅེས་འགྲེལ་བརྗོད་བྱས་སོང་།
དྲུང་ཆེ་མཚམས་ཆོས་ལགས་ཀྱིས་བརྗོད་དོན། དེ་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཕྱི་ལོ་༢༠༠༩ ལོར་འགན་འཛིན་ལྷན་ཚོགས་ཐེངས་༤༠ པའི་གྲོས་གཞི་དོན་ཚན་གསུམ་པ་ཆ་པའི་གྲོས་ཆོད་དང་པོའི་དགོངས་དོན་ཇི་བཞིན་རྒྱ་དམར་སྲིད་གཞུང་ནས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་འགན་དབང་དང་ཐེ་བྱུས་གང་ཡང་མེད་ཅེས་པའི་གནས་བབས་ལ་ད་བར་འགྱུར་བ་གང་ ཡང་མེད་པ་དེ་ལྟར་རང་གནས་ཡིན་ནན་བརྗོད་བྱ་རྒྱུ་དང༌། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་བླ་ཆེན་ཁག་གཙོས་ཕྱི་ནང་གི་དད་ལྡན་རྗེས་འཇུག་པ་ཡོངས་དང་། ལྷག་པར་བོད་མི་སྤྱི་སྒེར་ཡོངས་ནས་རྒྱ་དམར་སྲིད་གཞུང་གིས་ཇུས་མེད་ཇུས་འཁྲི་བྱས་པར་དེར་ངོས་ལེན་རྩ་བ་ནས་མེད་པ་མ་ཟད། འགག་པ་མཐའ་གཅིག་ཏུ་བྱ་རྒྱུར་ཡང་དྲན་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།