ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༢༣ ཉིན། ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་༡༨ པའི་འོས་བསྡུ་ཆེན་མོའི་ལས་རིམ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་ཚོགས་སོང་། སྐབས་དེར། རྒྱ་བལ་འབྲུག་གསུམ་ནང་ཁྱོན་འོས་འཕེན་པའི་དེབ་སྐྱེལ་གྲངས་༥༦,༧༤༩ དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་འོས་འཕེན་པའི་དེབ་སྐྱེལ་གྲངས་༣༤,༢༩༣ བཅས་ཁྱོན་བསྡོམས་དེབ་འགོད་བྱེད་མཁན་འོས་འཕེན་གྲངས་༩༡,༠༤༢ བྱུང་ཡོད་པར་གསལ་བསྒྲགས་གནང་སོང་། དེའི་རྗེས་སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་(ལུག་རྫི)་གྱིས་ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༢༩ ཉིན་སྲིད་སྐྱོང་འོས་མི་ལང་རྒྱུའི་གསལ་བསྒྲགས་སྤེལ་སྐབས་བོད་ཀྱི་རྒྱལ་དར་དང་༧གོང་ས་མཆོག་གི་སྐུ་པར་བེད་སྤྱོད་བཏང་རྐྱེན་འོས་བསྡུའི་སྒྲིག་གཞི་འགལ་ཡོད་པས་གདམ་བྱ་དང་འདེམས་བྱེད་པའི་ཐོབ་ཐང་མེད་པའི་ཉེས་ཆད་བཅད་པའི་གསལ་བསྒྲགས་སྤེལ་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་དང་། འོས་བསྡུའི་ལས་རོགས་འཕར་མ་ཚེ་རིང་གཡུ་སྒྲོན་ལགས་དང་། སྣང་ས་ཆོས་སྒྲོན་ལགས་བཅས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་༡༨ པའི་འོས་བསྡུ་ཆེན་མོའི་ལས་རིམ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་ཚོགས་སོང་།
ཐོག་མར། འོས་བསྡུ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་ནས་གསུང་དོན། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་༢༠༢༥་་༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་ཚགས་ཚུད་ཡོང་སླད་དང་། མང་ཚོགས་ལ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན་སོགས་གོ་རྟོགས་སྤེལ་ཆེད། ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༡༤ ནས་འགོ་འཛུགས་ཀྱིས་ཕྱི་ཟླ་༡༢ ཚེས་༨ བར་རྒྱ་གར་ནང་བོད་མིའི་འདུ་སྡོད་ས་ཁག་གྲངས་༤༥ དང་། ཕྱི་རྒྱལ་ཡུལ་གྲུའི་ནང་བོད་མིའི་འདུ་སྡོད་ས་ཁུལ་ཆེ་ཁག་གྲངས་༡༡ བཅས་ཁྱོན་ས་གནས་གྲངས་༥༦ ནང་མང་ཚོགས་དང་། ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་སོ་སོར་ཚོགས་འདུ་བསྡོམས་ཐེངས་༡༠༠ ཚོགས་ཐུབ་པ་བྱུང་ཡོད། ཚོགས་འདུ་དེ་དག་གི་སྐབས་སུ་མང་ཚོགས་ཀྱི་དོགས་དྲི་ཁག་ལ་ལན་འདེབས་གསལ་བཤད་འཐུས་ཚང་ཞུས་ཡོད་པ་མ་ཟད། འོས་བསྡུ་ཆེན་མོའི་སྐབས་དཀའ་ངལ་ཁག་ལ་གདོང་ལེན་བྱེད་ཕྱོགས་ཀྱི་བྱེད་སྒོ་ལམ་སྟོན་ཁ་གསལ་ཞུས་པ་བཞིན་ཕན་ཐོགས་ཅི་ཆེ་བྱུང་བ་དང་། གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་ས་གནས་འོས་བསྡུའི་ལས་ཁང་གི་འབྲེལ་ཡོད་ཁག་ནས་མཐུན་འགྱུར་རམ་འདེགས་གང་ལེགས་གནང་བར་དབུས་འོས་བསྡུ་ལས་ཁང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་།
ཁོང་གིས་འོས་འཕེན་པའི་དེབ་སྐྱེལ་གྲངས་འབོར་ཕྱོགས་བསྡོམས་སྐོར་ནས་གསུང་དོན། ཕྱི་ལོ་༢༠༢༥་་༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སླད། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ལྟར་ཕྱི་ལོ་༢༠༢༥ ཟླ་ ༡༠ ཚེས་ ༨ ནས་འོས་བསྡུའི་དེབ་སྐྱེལ་གྱི་ལས་རིམ་འགོ་འཛུགས་ཀྱིས་ཕྱི་ཟླ་༡༡ ཚེས་ ༣༠ བར་མཇུག་སྒྲིལ་ཞུས་ཡོད་པར། རྒྱ་བལ་འབྲུག་གསུམ་ནང་ཁྱོན་འོས་འཕེན་པའི་དེབ་སྐྱེལ་གྲངས་༥༦,༧༤༩ དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་འོས་འཕེན་པའི་དེབ་སྐྱེལ་གྲངས་༣༤,༢༩༣ བཅས་ཁྱོན་བསྡོམས་དེབ་འགོད་བྱེད་མཁན་འོས་འཕེན་པ་གྲངས་༩༡,༠༤༢ བྱུང་ཡོད། ཅེས་འགྲེལ་བརྗོད་གནང་སོང་།
ཁོང་གིས་མུ་མཐུད་ནས་གསུང་དོན། བཀྲ་ཤིས་སྟོབས་རྒྱལ་ (ལུག་ཛི) ཞེས་པ་ནས་ཉེ་ལམ་ཕྱི་ལོ་༢༠༢༥ ཟླ་ ༡༡ ཚེས་ ༢༩ ཉིན་དྷ་ས་ས་གནས་འགོ་འཛིན་ལས་ཁང་གི་ཚོགས་ཁང་དུ་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་གནང་སྐབས། འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་བྱུང་བས་ཉེས་ཆད་འགེལ་རྒྱུའི་ཐག་གཅོད་ཞུས་པའི་བཅད་ཁྲ་བཏང་ཡོད། ཅེས་བརྗོད་ནས་སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་ལགས་ནས་སྲིད་སྐྱོང་འོས་མིར་ལང་རྒྱུའི་གསལ་བསྒྲགས་སྤེལ་སྐབས་བོད་ཀྱི་རྒྱལ་དར་དང་༧གོང་ས་མཆོག་གི་སྐུ་པར་བེད་སྤྱོད་བཏང་རྐྱེན་འོས་བསྡུའི་སྒྲིག་གཞི་འགལ་ཡོད་པས་གདམ་བྱ་དང་འདེམས་བྱེད་པའི་ཐོབ་ཐང་མེད་པའི་ཉེས་ཆད་བཅད་པའི་གསལ་བསྒྲགས་སྤེལ་སོང་།
འོས་བསྡུ་འགན་འཛིན་མཆོག་ནས་ཕྱི་ལོ་༢༠༢༥་་༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་དོན་ཚགས་ཚུད་ཡོང་སླད། མང་ཚོགས་ནས་འོས་གཞིར་བཞེངས་མཁན་རྣམས་ངོ་འཕྲོད་རྒྱུས་ལོན་ཐུབ་རྒྱུ་ཤིན་ཏུ་གལ་འགངས་ཆེན་པོ་ཡིན་པས། སྲིད་སྤྱི་གཉིས་ཀྱི་འོས་གཞིར་བཞེངས་མཁན་རྣམས་ནས་མང་ཚོགས་ཀྱི་རེ་འདུན་ལ་གུས་བརྩི་ཐོག་མང་ཚོགས་ལ་འོས་བསྡུའི་དྲིལ་བསྒྲགས་དང་། གསར་ལམ་ཁག་ལ་བཅར་འདྲི་དང་ལེན་གང་ཐུབ་ཡོང་བའི་སྐུལ་འདེབས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
དེ་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་གིས་དབུ་ཁྲིད་འོག བཙན་བྱོལ་དམངས་གཙོ་བྱུང་རིམ་སྐོར་དང་། འོས་བསྡུ་ཆེན་མོ་དང་འབྲེལ་བའི་གོ་རྟོགས་གློག་བརྙན་དབུ་འབྱེད་གནང་སོང་།
དེའི་རྗེས། འོས་བསྡུའི་ལས་རོགས་འཕར་མ་ཚེ་རིང་གཡུ་སྒྲོན་ལགས་ནས་འོས་བསྡུ་ཆེན་མོའི་སྐབས་བྱེད་སྒོའི་རྩ་འཛིན་ལམ་སྟོན་དོན་ཚན་༨ ཅན་འཕར་མ་ཟུར་དུ་གཏན་འབེབས་གནང་ཡོད་པ་དེ་སྒྲོགས་སྦྱང་གནང་དོན།
༡། འོས་བསྡུའི་སྒྲིག་གཞི་དོན་ཚན་༣༤ ནང་གསེས་༦༼ཀ༽ ནང་གསལ་ལྟར་ས་གནས་སོ་སོར་འོས་ཤོག་གྲངས་བཤེར་ཟིན་རྗེས་ཆུ་ཚོད་༢༤ ནས་མ་འགྱངས་པར་ཐོབ་ཁུངས་སོ་སོའི་འོས་དམིགས་སམ་འོས་གཞི་དོ་བདག་སོ་སོར་ས་གནས་དེ་ནས་འོས་གྲངས་ཇི་ཐོབ་ས་གནས་དེ་གའི་འོས་བསྡུ་ཚོགས་མི་དང་། ཟུར་དཔར་མཉམ་འཛོམས་ཐོག་ས་གནས་འོས་བསྡུའི་འགན་འཛིན་ནས་གསལ་བསྒྲགས་བྱེད་རྒྱུ་དང་། ས་གནས་སོ་སོའི་འོས་བསྡུ་ལས་ཁང་གི་རྒྱང་སྦྱར་ཐོག་སྦྱོར་འགྲེམས་ཀྱི་འཐུས་རྒྱུ་དང་། མི་མང་འདུ་བསྐོང་དང་། གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་མི་དགོས་པ་ཡིན། ཞིབ་ཆའི་སྤྱི་ཡོངས་ཀྱི་མཐའ་མའི་ཕྱོགས་བསྡོམས་འོས་བསྡུའི་གྲུབ་འབྲས་གསར་ཤོག་དང་། གསར་འགྱུར་བརྒྱུད་ལམ་ཁག །ས་གནས་འོས་བསྡུའི་ལས་ཁང་ཁག་བཅས་བརྒྱུད་ཡོངས་ཁྱབ་གསལ་བསྒྲགས་དབུས་འོས་བསྡུ་ལས་ཁང་ནས་ཞུ་རྒྱུ་ཡིན་པ་དེ་ལུགས་དམ་འཛིན་ཞུ་དགོས་རྒྱུ།
༢། སྲིད་སྤྱི་གཉིས་ཀྱི་འོས་གཞིར་བཞེངས་མཁན་རྣམས་ནས་མི་མང་ལ་གཏམ་བཤད་དང་། གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཅར་འདྲི་དང་ལེན་གནང་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང་། བཙན་བྱོལ་བོད་མིའི་འོས་ བསྡུའསྒྲིག་གཞི། རྩ་འཛིན་ལམ་སྟོན་བཅས་ཀྱི་དགོངས་དོན་དང་མི་འགལ་བ་གཙོ་འདོན་ཐོག མང་ཚོགས་ཀྱི་སེམས་ཁམས་ལ་ཕོག་ཐུག་དང་། སྤྱི་ཚོགས་འཁྲུགས་གཞིའི་བཀའ་མོལ་རིགས་མི་གནང་བའི་ཡིད་གཟབ་གནང་དགོས་རྒྱུ།
༣། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༢༣ པའི་ནང་གསེས་༡ ནང་གསལ། སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་འཆར་འདེམས་སྒྲུག་བྱས་པའི་སྐྱེ་བོ་གང་ཞིག་འོས་གཞིའི་འོས་ཆོས་ཚང་མིན་གྱི་ཀླན་ཀ་བྱུང་རིགས་ལ་ས་གནས་འོས་བསྡུ་ལས་ཁང་སོ་སོ་ནས་ཐག་གཅོད་ཐུབ་ན་བརྗོད་མེད་དང་། དེ་མིན་དབུས་འོས་བསྡུ་ལས་ཁང་ལ་ཞུ་གཏུགས་ཆོག་པ་ཡིན།
༤། ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་དང་། ཟུར་དཔང་སུ་ཐད་ནས་འོས་བསྡུའི་ལས་རིམ་སྐབས་འོས་གཞིར་བཞེངས་མཁན་དང་རྒྱབ་སྐྱོར་གནང་མཁན་སུ་ལའང་དངོས་ཤུགས་བརྒྱུད་གསུམ་ནས་ཐེ་བྱུས་རྒྱབ་སྐྱོར་སོགས་བྱེད་མི་ཆོག
༥། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༢༤ ནང་གསེས་ཁག་ཅིག་དང་། དོན་ཚན་༣༢ ནང་གསལ་ "འོས་འཕེན་སྟངས་དང་གསང་རྒྱ་” ཞེས་པའི་དགོངས་དོན། སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་ཉིན་འོས་འཕེན་པ་རྣམས་ནས་སྤྱིལ་བུའི་ནང་ལག་ཐོག་ཁ་པར་སོགས་མཉམ་འཁྱེར་མི་ཆོག
༦། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༢༤ ནང་གསེས་༦ ནང་གསལ་ལྟར་འོས་བསྡུའི་ལས་བྱེད་ཡོངས་རྫོགས་ནས་འོས་བསྡུའི་གསང་རྒྱ་དམ་འཛིན་དགོས་པར་བརྟེན། འོས་ཤོག་གྲངས་བཤེར་སྐབས་ལག་ཐོག་ཁ་པར་མཉམ་འཁྱེར་མི་ཆོག
༧། འདི་ལོའི་འོས་བསྡུ་ཆེན་མོའི་ནང་དཔྱ་ཁྲལ་ལག་དེབ་དུས་འགྱངས་ཞུས་ཡོད་མེད་ལ་མ་ལྟོས་པར་འོས་འཕེན་པའི་ཆ་རྐྱེན་ཚང་རིགས་ལ་འོས་འཕེན་རྒྱུའི་གོ་སྐབས་གནང་དགོས་རྒྱུ།
༨། འོས་གཞིའི་སྐྱེ་བོའམ། འོས་འཕེན་པ་སུ་རུང་ནས་དབུས་སའི་འོས་བསྡུའི་ལས་དོན་སྐོར་མི་མང་དང་། སྤྱི་ཚོགས་དྲ་རྒྱ། གསར་འགོད་པ་བསྐོང་ཚོགས་ཀྱིས་དྲང་བདེན་མིན་པའི་གནས་ཚུལ་གསལ་བསྒྲགས་བྱེད་པ་དང་། ཡིག་ཆ་འགྲེམས་སྤེལ་རིགས་མི་ཆོག དེ་བཞིན་དེང་སྐབས་སྤྱི་ཚོགས་དྲྭ་ལམ་ཁག་བརྒྱུད་དངོས་མིན་གནས་ཚུལ་ཁྱབ་སྤེལ་སོགས་ཀྱི་དཀའ་ངལ་དུ་མ་ཡོང་མུས་ལ་སོང་། མང་ཚོགས་ནས་ཐུགས་གཟབ་ངེས་གནང་དགོས་རྒྱུ་བཅས། ཞེས་གསུངས་སོང་།
དེ་ནས་འོས་བསྡུའི་འགན་འཛིན་ལས་འཕར་སྣང་ས་ཆོས་སྒྲོན་ལགས་ནས་སྒྲོགས་སྦྱང་གནང་དོན།
༄༅། །མཚུངས་མེད་བཀྲ་ཤིས་སྟོབས་རྒྱལ་ (ལུག་རྫི་) ལགས་སུ།
ཆེད་ཞུ། ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༩ ཉིན་དྷ་ས་ས་གནས་འགོ་འཛིན་ལས་ཁང་གི་ཚོགས་ཁང་དུ་ཉིད་ནས་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་གནང་འདུག་པར། སྐབས་དེར་དབུས་འོས་བསྡུ་ལས་ཁང་གི་རྩ་འཛིན་ལམ་སྟོན་ཞིག་དང་འབྲེལ་བའི་ཐོག་ཉིད་ནས་གཏམ་བཤད་དང་། གསར་འགྱུར་བརྒྱུད་ལམ་ལ་ལན་འདེབས་གནང་བའི་ནང་དབུས་འོས་བསྡུ་ལས་ཁང་ལ་གཞི་མེད་སྐྱོན་བརྗོད་མང་དག་ཅིག་བྱས་པ་བཅས་ལ་ཞིབ་འཇུག་མཐིལ་ཕྱིན་ཞུས་པར། ཉིད་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༣ ནང་གསེས་ ༡ དང་། ༢། དོན་ཚན་ ༢༡ (༡༠ དང་ ༡༡)། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༣ ( ༡༡ དང་ ༡༢)། དོན་ཚན་ ༢༤ (༥)། དོན་ཚན་ ༢༤ (༩) བཅས་དང་། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༧ ཉིན་འོས་བསྡུ་ཆེན་མོའི་འོས་གཞིར་བཞེངས་མཁན་རྣམས་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་རྩ་འཛིན་ལམ་སྟོན་གྱི་དོན་ཚན་ ༡ དང་ ༢ པ་བཅས་འགལ་འཛོལ་ཚབས་ཆེན་བྱུང་བར་ངོས་འཛིན་གྱིས། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༨ (༢) དང་། ༡༠ (༡)། ༢༥ (༩) བཅས་ཀྱི་དགོངས་དོན་ལྟར་ཉེས་ཆད་འགེལ་རྒྱུའི་ཐག་གཅོད་ཞུས་པའི་བཅད་ཁྲ་འདི་མཉམ་ཟུར་བསྲིངས་ཞུས་ཡོད་པར། བཅད་ཁྲའི་འབྲུ་དོན་ཉམས་ལེན་ཚུལ་བཞིན་དགོས་རྒྱུ་དང་། སླད་འདི་ལྟའི་གནད་དོན་རིགས་མི་འབྱུང་བ་ཡིད་གཟབ་བྱ་དགོས་པ་དེ་དོན་ཡིད་འཇགས་དགོས་རྒྱུ་བཅས། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༣ ལ།། ཞེས་དང་།
བཅད་ཁྲ།
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༣ ཉིན་དབུས་འོས་བསྡུ་ལས་ཁང་གིས་བཀྲ་ཤིས་སྟོབས་རྒྱལ་ (ལུག་རྫི་) ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༣ (༡) (༢) དོན་ཚན་ ༢༡ (༡༠) (༡༡) དང༌། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ (༥) (༩) དོན་ཚན་ ༦༣ (༡༡) (༡༢) དང་། འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་གྱི་དོན་ཚན་ ༡། ༢། ༥། ༡༤། བཅས་ལ་འགལ་འཛོལ་བྱུང་བར། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༨(༢) དང་། ༡༠ (༡)། ༢༥ (༩) བཅས་ཀྱི་དགོངས་དོན་ཉེས་ཆད་འགེལ་རྒྱུའི་ཐག་གཅོད་ཞུས་པ་གཤམ་གསལ།
ཀ༽ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༩ ཉིན་དྷ་ས་ས་གནས་འགོ་འཛིན་ལས་ཁང་གི་ཚོགས་ཁང་དུ་ཉིད་ནས་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་གནང་སྐབས། དབུས་འོས་བསྡུ་ལས་ཁང་གི་རྩ་འཛིན་ལམ་སྟོན་ཞིག་དང་འབྲེལ་བའི་ཐོག་ཉིད་ནས་གཏམ་བཤད་བྱས་པ་དང་། གསར་འགོད་པར་དྲི་ལན་བཅས་ཀྱི་ནང་དོན།
༡། “འོས་བསྡུའི་སྒྲིག་གཞི་གཞིར་བཟུང་བྱས་པ་ཡིན་ན་༸རྒྱལ་བ་རིན་པོ་ཆེའི་སྐུ་པར་དང་། རྒྱལ་དར་དེ་མ་ཆོག་པ་རེད་ཟེར་གྱི་འདུག ༸རྒྱལ་བ་རིན་པོ་ཆེ། རྒྱལ་གླུ། རྒྱལ་དར་འདི་གསུམ་མེད་པ་ཡིན་ན། དེ་ནི་ང་ལ་མ་འགྲིག་བསྡད་པ་ཅིག་རེད། གལ་སྲིད་འདི་གསུམ་མེད་པའི་ཐོག་ནས་སྲིད་སྐྱོང་ཞིག་ཆགས་ཐུབ་ཀྱི་རེད་པས་ཟེར་ན། ཆགས་དགོས་ཀྱི་རེད་པས་ཟེར་ན། འདི་ང་ལ་དགོས་ཀྱི་མི་འདུག་ཞུ་ཡག་ཅིག་ཡིན” ཞེས་གསུངས་འདུག་པ་མ་ཟད།
༢། “རྒྱལ་གླུ་དང་། རྒྱལ་དར། ༸རྒྱལ་བ་རིན་པོ་ཆེ་གསུམ་ང་ལ་བློས་ཐབས་མེད་བསྡད་པ་ཅིག་རེད་པཱ། ད་དེ་ནས་དེ་བེད་སྤྱོད་བྱེད་ནས་བཀྲ་ཤིས་སྟོབས་རྒྱལ་སྲིད་སྐྱོང་བྱེད་ཆོག་གི་མ་རེད། འདི་བེད་སྤྱོད་མ་བྱེད་ནས་སྲིད་སྐྱོང་བྱེད་དགོས་ཀྱི་རེད་ལབ་ན། ང་བྱེད་ཐུབ་ཡག་ནི་གནས་སྟངས་མེད། གཉིས་པ། དེ་འོས་བསྡུའི་སྒྲིག་གཞི་ཡིན་ན། དེ་བརྟེན་འབྲེལ་འཆུག་པ་ཞིག་རེད། རྒྱུ་མཚན་དེ་འདྲ་ལ་གཞི་བཞག་ནས་ད་ལྟ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་རྙོག་དྲ་ཏོམ་ནག་ལངས་དགོས་ཡག ད་དམིགས་ཡུལ་དང་སེམས་ཤུགས་མེད་དུས་སྒེར་གྱི་གོ་སྐབས་མ་གཏོགས་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་གླུ་ལ་ཤ་ཚ་མེད་ཡོང་དུས། ད་ག་རེ་བྱེད་ནའི་འགྲིག་གི་རེད། དེ་བརྟེན་འབྲེལ་འདི་འཆུག་པ་ཤིག་བརྩི་གི་ཡོད། ང་འདི་བྱེད་ནས་སྲིད་སྐྱོང་ལངས་ཆོག་གི་མ་རེད། ཁྱེད་རང་ནོར་བཞག་ཟེར་ན། Ok ངའི་ཁ་གཏད་གཅོག་ཐུབ་ཀྱི་འདུག་ན། Ok No problem དེ་བརྟེན་འབྲེལ་འཆུག་བཞག་པ་ཞིག་བརྩི་གི་རེད་ད། དེ་དུས་སུས་སྒྲིག་གཞི་བཟོས་པ་རེད། དེ་ནོར་བ་ཅིག་བརྩི་དགོས་རེད། དངོས་གནས་རེད། རྒྱལ་ཁབ་དང་མི་རིགས་སྒང་ལ་བསམ་བློ་ཁྱོན་ནས་མེད་མཁན་ཞིག་དང་། དེ་ག་ནང་བཞིན་ལྡོག་ཕྱོགས་ནས་རྩིས་པ་ཡིན་ན་ང་ཚོ་བརྟེན་འབྲེལ་ལོག་བཅུག་ཡག་གི་བསམ་བློ་བཏང་ནས་བཟོས་བཞག་པ་ཅིག་བརྩི་གི་རེད་ངས།“ཞེས་དང་།
༣། ཉིད་ནས་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་སྐབས་རྒྱབ་ལྗོངས་ཀྱི་འདྲ་པར་སྟེང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་གང་བྱུང་བེད་ལོག་གིས་སྒྲིག་འགལ་བྱས་འདུག
༤། དེ་བཞིན་གཏམ་བཤད་ལས་རིམ་རྗེས་སུ་བོད་ཀྱི་རླུང་འཕྲིན་ནས་གནད་དོན་འདི་དང་འབྲེལ་བའི་ཁྲིམས་སྒྲིག་འགལ་ཟླ་ཆགས་མིན་དོགས་གནང་བར་ཉིད་ནས་ “ད་ལྟའི་ཆ་ལ་ངས་སྒྲིག་གཞི་ནོར་ཡོད་འགྲོ ཁོ་ཁྱད་པར་གང་ཡང་བརྩི་གི་མེད་” ཞེས་ལན་འདེབས་བཅས་སྒྲིག་འགལ་བྱུང་འདུག
ཁ༽འབྲེལ་ཆགས་སྒྲིག་འགལ་བྱུང་རིགས།
༡། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༣ (༡) ནང་གསལ། ༼བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བློ་གཏད།༽ ༡༣ (༢) ནང་གསལ་ ༼བཅའ་ཁྲིམས་དང་། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང་། ཉམས་ལེན།༽ དོན་ཚན་ ༢༡ (༡༠) ནང་གསལ། ༼སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ་ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ།༽ ༢༡ (༡༡) ནང་གསལ།་༼བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པའམ།༽ཞེས་གསལ་བ་དང༌།
༢། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ (༥) ནང་གསལ་ ༼ འོས་གཞི་སུ་ཐད་ནས་དབུས་སའི་འོས་བསྡུའི་ལས་དོན་སྐོར་མི་མང་དང་། གསར་འགོད་པ་བསྐོང་ཚོགས་ཀྱིས་དྲང་བདེན་མིན་པའི་གནས་ཚུལ་གསལ་བསྒྲགས་བྱེད་པ་དང་་་༽ དེ་བཞིན་ ༢༤ (༩) ནང་༼ སྲིད་སྐྱོང་དང༌། སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་ལམ་སྟོན་བྱས་པ་བཞིན་ལག་བསྟར་བྱེད་དགོས་༽ ཞེས་གསལ་ཡོད།
༣། འོས་གཞིར་བཞེངས་མཁན་དང་། དེའི་རྒྱབ་སྐྱོར་བ་རྣམས་ནས་གསལ་པོ་མཁྱེན་གསལ་དགོས་པ་ཞིག་ལ། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༣ (༡༡) ནང་གསལ། ༼ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ་ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ་༽ དང༌། ༦༣ (༡༢) ནང༌། ༼བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པའམ།༽ཞེས་གསལ་ཡོད་པ་དང་།
༤། དེ་བཞིན་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༧ ཉིན་འོས་བསྡུའི་ལས་རིམ་གསལ་བསྒྲགས་གནང་སྐབས་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་འོས་གཞིར་བཞེངས་མཁན་དང་། དེའི་རྒྱབ་སྐྱོར་བ་རྣམས་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་གཏན་འབེབས་གནང་བའི་ནང་། དོན་ཚན་ ༡། ༼ སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མཁན་རྣམས་ཀྱིས་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དྲིལ་བསྒྲགས་ཡིག་ཆའི་སྟེང་༸གོང་ས་མཆོག་གི་སྐུ་པར་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། བོད་ཀྱི་ས་ཁྲ་སོགས་གང་བྱུང་བེད་སྤྱོད་མི་ཆོག༽ དོན་ཚན་ ༢། ༼བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཁག་ལ་སྙིང་ནས་བརྩི་བཀུར་ཐོག དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་དང་འབྲེལ་བའི་གཏན་འབེབས་བྱེད་སྒོ་ལམ་སྟོན་ཁག་ལ་ཤར་བསྐྱོད་ཐུབ་པ་དགོས་གལ།༽ དོན་ཚན་ ༥། ༼འོས་གཞི་སྐྱེ་བོ་སུ་ཐད་ནས་དབུས་སའི་འོས་བསྡུའི་ལས་དོན་སྐོར་མི་མང་དང་། གསར་འགོད་བསྐོང་ཚོགས་ཀྱིས་དྲང་བདེན་མིན་པའི་གནས་ཚུལ་གསལ་བསྒྲགས་བྱེད་པ་དང་ཡིག་ཆ་འགྲེམས་སྤེལ་རིགས་བྱེད་མི་ཆོག༽བཅས་གསལ་ཡོད།
ག༽ འགལ་འཛོལ་གྱི་ཉེས་ཆད།
ཉིད་ནས་རྩ་འཛིན་ལམ་སྟོན་ལ་གོ་བ་ལོག་སྒྲུབ་ཀྱིས་འགྲེལ་བརྗོད་འདྲ་མིན་ཐོག་རང་འདོད་རློམ་པའམ། རང་སྣང་གང་དྲན་གྱིས་འོས་བསྡུའི་ཁྲིམས་སྒྲིག་ཁག་ལ་ཉམས་ལེན་ཚུལ་མཐུན་མ་བྱུང་བ་དང་། དབུས་འོས་བསྡུ་ལས་ཁང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་ཀྱི་རྒྱལ་དར། བོད་ཀྱི་ས་ཁྲ་བཅས་ལ་བརྩི་བཀུར་དང་ཆེ་མཐོང་གནང་གི་མེད་ལུགས་རྟོག་བཟོ་དང་ལོག་འགྲེལ་བགྱིས་པ་མ་ཟད། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་དབུས་འོས་བསྡུ་ལས་ཁང་གི་རྩ་འཛིན་ལམ་སྟོན་ཁག་ལ་བརྩི་མེད་རྡོག་རོལ་བཏང་སྟེ་མང་ཚོགས་མགོ་བོ་རྨོངས་གཞིར་གྱུར་པའི་ཐོག ད་ལྟའི་གལ་གནད་ཆེ་བའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་དོན་ལ་འགོག་རྐྱེན་དང་། དབུས་འོས་བསྡུ་ལས་ཁང་ལ་མཚན་ཤས་བཟོ་ཐབས་ཀྱིས་ཁྲིམས་མེད་ལུགས་མེད་ཀྱི་གཏམ་བཤད་བྱས་པའི་འགལ་འཛོལ་ཚབས་ཆེན་བྱུང་བ་ཞིག་ལ་ངོས་འཛིན་ཞུས་པ་དང་འབྲེལ། དབུས་འོས་བསྡུ་ལས་ཁང་གི་རྩ་འཛིན་ལམ་སྟོན་དོན་ཚན་ ༡༤། ལྟར། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༥ ༼འོས་བསྡུའི་ལས་དོན་ལ་འགལ་རྐྱེན་བྱེད་པོར་ཉེས་ཆད་༽ནང་གསེས་ ༩ པའི་ནང་ ༼སྐབས་འཕྲལ་དབུས་འོས་བསྡུ་ལས་ཁང་ནས་གཏན་འབེབས་ཇི་གནང་ལྟར་ལག་བསྟར་བྱ་རྒྱུ།༽ ཞེས་གསལ་བ་བཞིན། ཉིད་རང་ལ་ད་ཉིན་ནས་ལོ་ལྔ་རིང་གཞུང་འབྲེལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་རྒྱུའི་ཐག་གཅོད་ཞུས་པ་དང་། གལ་ཏེ་འགལ་འཛོལ་འདི་རིགས་མུ་མཐུད་བྱུང་ཚེ་སྒྲིག་གསལ་ལྟར་ཉེས་ཆད་ཡན་པོར་མ་སོང་བ་བཏང་རྒྱུ་ཡིན་པ་དེ་དོན་དགོངས་འཇགས་ཞུ། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༣ ལ།། ཞེས་གསུངས་སོང་།