03
Wed, Dec
5 རྩོམ་གསར།

སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ནི་ཕྱི་ལོ་༢༠༢༦ ཟླ་༢་ཚེས་༡་དང་དངོས་གཞི་འོས་བསྡུ་ནི་ལོ་དེའི་ཟླ་༤་ཚེས་༢༦་རེད་འདུག

ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༧ ཉིན། དབུས་འོས་བསྡུ་ལྷན་ཁང་ནས་ཕྱི་ལོ་༢༠༢༥་་༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་གནང་སྐབས། པར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༧ ཉིན། དབུས་འོས་བསྡུ་ལྷན་ཁང་ནས་ཕྱི་ལོ་༢༠༢༥་དང་༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་པོ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་། སྐབས་དེར། ཕྱི་ལོ་༢༠༢༥་དང་༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་༡༨ པའི་སྔོན་འགྲོའི་འོས་བསྡུ་ནི་ཕྱི་ལོ་༢༠༢༦ ཟླ་༢ ཚེས་༡་རེས་གཟའ་ཉི་མ་དང་དངོས་གཞིའི་འོས་བསྡུ་ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༦ རེས་གཟའ་ཉི་མ་བཅས་སོ་སོར་བོད་མིའི་འདུ་སྡོད་ཡོངས་སུ་ས་གནས་སོ་སོའི་དུས་ཚོད་ལ་བྱ་རྒྱུའི་དུས་ཚེས་གཏན་འཁེལ་གནང་སོང་། ཕྱི་ལོ་༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་འབོད་སྒྲ་ནི་” ང་བོད་ཡིན། ངས་བོད་ལ་འོས་འཕེན།” ཞེས་པ་དེ་ཡིན་པར་གསལ་བསྒྲགས་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཐོག གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུའི་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་དང་། འོས་བསྡུའི་ལས་རོགས་འཕར་མ་ཚེ་རིང་གཡུ་སྒྲོན་ལགས་དང་། སྣང་ས་ཆོས་སྒྲོན་ལགས་བཅས་ནས་ཕྱི་ལོ་༢༠༢༥་དང་༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་པོ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་། སྐབས་དེར། ཕྱི་ལོ་༢༠༢༥་དང་༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་༡༨ པའི་སྔོན་འགྲོའི་འོས་བསྡུ་ནི་ཕྱི་ལོ་༢༠༢༦ ཟླ་༢ ཚེས་༡་རེས་གཟའ་ཉི་མ་དང་དངོས་གཞིའི་འོས་བསྡུ་ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༦ རེས་གཟའ་ཉི་མ་བཅས་སོ་སོར་བོད་མིའི་འདུ་སྡོད་ཡོངས་སུ་ས་གནས་སོ་སོའི་དུས་ཚོད་ལ་བྱ་རྒྱུའི་དུས་ཚེས་གཏན་འཁེལ་གནང་སོང་། ཕྱི་ལོ་༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་འབོད་སྒྲ་ནི་” ང་བོད་ཡིན། ངས་བོད་ལ་འོས་འཕེན།” ཞེས་པ་དེ་ཡིན་པར་གསལ་བསྒྲགས་གནང་སོང་།

ཐོག་མར། དབུས་འོས་བསྡུའི་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་ནས་ཕྱི་ལོ་༢༠༢༥་དང་༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་སྐོར་ནས་གསུང་དོན། ཕྱི་ལོ་༢༠༢༥་དང་༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་༡༨ པའི་སྔོན་འགྲོའི་འོས་བསྡུ་ནི་ཕྱི་ལོ་༢༠༢༦ ཟླ་༢ ཚེས་༡་རེས་གཟའ་ཉི་མ་དང་དངོས་གཞིའི་འོས་བསྡུ་ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༦ རེས་གཟའ་ཉི་མ་བཅས་སོ་སོར་བོད་མིའི་འདུ་སྡོད་ཡོངས་སུ་ས་གནས་སོ་སོའི་དུས་ཚོད་ལ་བྱ་རྒྱུའི་དུས་ཚེས་གཏན་འཁེལ་ཞུས་ཡོད་པའི་གསལ་བསྒྲགས་ཞུ་རྒྱུ་ཡིན། ཕྱི་ལོ་༢༠༢༥་་༢༦་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་འབོད་སྒྲ་ནི། ང་བོད་ཡིན། ངས་བོད་བོད་ལ་འོས་འཕེན།་ཞེས་ཡིན་པས། དེའི་དམིགས་ཡུལ་གཙོ་བོ་ནི་ཆིག་སྒྲིལ་གྱི་ངོ་བོ་དང་། ཆིག་སྒྲིག་གྱི་ནུས་སྟོབས་མཚོན་ཐུབ་ཐབས་ཤིག་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། སྔར་ལམ་བཞིན་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་ཆེན་མོ་དུས་ཐོག་སྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པར། རྒྱ་ཆེ་མང་ཚོགས་ནས་ཀྱང་ཞུ་སྒོ་ཁག་ཁྲིམས་སྒྲིག་དང་། བཟང་སྤྱོད་དང་མཐུན་པ་གནང་ཐབས་དགོས་རྒྱུ། བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་འདི་བཞིན་མ་འོངས་བོད་བསྟན་སྲིད་སྤྱིའི་ལས་དོན་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པས། བྱེས་འཁོད་བོད་རིགས་ཡོངས་ནས་ཕྱོགས་ལྷུངས་ཆགས་སྡང་མེད་པའི་ཐོག་འོས་བསྡུའི་ནང་ཆ་ཤས་བཞེས་རྒྱུ་གནད་ཀྱི་སྙིང་པོ་ཡིན། ཞེས་དང་། འོས་འཕེན་པའི་མིང་གཞུང་དེབ་འགོད་ནི་ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༨ ནས་ཟླ་༡༡ ཚེས་༨ བར་བྱ་རྒྱུ་ཡིན་སྐོར་དང་། ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༣ བར་བོད་ཀྱི་ཡུལ་མི་རང་ལོ་ ༡༨ ཧྲིལ་པོ་ལོན་རིགས་རྣམས་མིང་གཞུང་དེབ་འགོད་ཆོག་པ་ཡིན། ལྷག་པར་དང་བླངས་དཔྱ་དངུལ་འབུལ་འབབ་ཕྱི་ལོ་༢༠༢༦ ཟླ་༣ ཚེས་༣༡ བར་གཙང་འབུལ་ཟིན་པ་དགོས། འོས་བསྡུའི་ཐོབ་ཐང་ལེན་པར་ས་གནས་གང་དུ་ཕེབས་ཀྱང་དཔྱ་ཁྲལ་ལག་དེབ་མཉམ་འཁྱེར་དགོས། ཞེས་འགྲེལ་བརྗོད་གནང་སོང་།

འོས་བསྡུའི་འགན་འཛིན་མཆོག་གིས་གསུང་དོན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གསལ་བསྒྲགས་ཞུ་ཕྱོགས་ཐད། སྒྲིག་སྲོལ་བཞིན་སྲིད་སྐྱོང་གི་སྔོན་འགྲོའི་འོས་ཐོབ་ཁོངས་ནས་ཨང་རིམ་རྩེ་བཏོགས་ཀྱིས་དངོས་གཞིའི་འོས་དམིགས་སུ་འོས་གཞི་གཉིས་འདོན་རྒྱུའི་གསལ་བསྒྲགས་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལེའུ་བཞི་པའི་དོན་ཚན་ ༣༧ ནང་གསལ། བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་རྩ་འབོར་གྱི་གྲངས་ཚད། བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ་དང་། དེའི་ནང་ཉུང་མཐར་བུད་མེད་གཉིས་རེ་དགོས། རྙིང་མ་དང། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ། བྱང་ཨ་རི་དང་། ལྷོ་ཨ་རི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས། ཡུ་རོབ་དང་། ཨ་ཕི་རི་ཀའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་། ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་སྤྱི་འཐུས་གཅིག་བཅས་བོད་མི་མང་སྤྱི་འཐུས་ཀྱི་རྩ་འབོར་༤༥ ངེས་པ་ཡིན། ཞེས་དང་།

ཁོང་གིས་མུ་མཐུད་ནས་གསུང་དོན། དེང་གི་ཆར་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་གྲས་ཤིག་ནི། འགན་འཁུར་གང་ཡང་མེད་པའི་ཁ་པར་དང་སྤྱི་ཚོགས་དྲྭ་ལམ་སོགས་བེད་ལོག་གིས་བདེན་པ་མིན་པའི་གནས་ཚུལ་ཁྱབ་སྤེལ་གྱིས་སྤྱི་ཚོགས་འཁྲུགས་གཞི་དང་། བོད་མིའི་ཆིག་སྒྲིལ་ལ་གནོད་ཚབས་འགྲོ་ཉེན་ལ་སོང། རྒྱ་ཆེ་མང་ཚོགས་ནས་དགོས་མེད་དཀྲོགས་རྐྱེན་རིགས་ལ་དབུ་མ་འཁོར་བར་དོགས་ཟོན་དང་། ཡོ་བསྲང་དོད་པོས་བྱ་ར་དམ་འཛིན་ངེས་པར་གནང་གལ་ཆེ། ཞེས་དང་། དབུས་འོས་བསྡུ་ལྷན་ཁང་ནས་ས་གནས་འོས་བསྡུ་ལས་ཁང་ཁག་དང་། རྒྱ་ཆེ་མང་ཚོགས་ལ་འོས་བསྡུ་དང་འབྲེལ་བའི་ལས་དོན་རྣམས་སྒྲིག་མཐུན་ཚགས་ཚུད་ཡོང་ཐབས་སུ་ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་ ༡༦ ཉིན་ས་གནས་འོས་བསྡུ་འགན་འཛིན་རྣམ་པར་ཟབ་སྦྱོང་ཞིག་གོ་སྒྲིག་ཞུ་རྒྱུ་དང། ཕྱོགས་མཚུངས་དབུས་ནས་འོས་བསྡུའི་འགན་འཛིན་གསུམ་ས་གནས་སུ་ཆེད་བཅར་གྱིས་མང་ཚོགས་ལ་འོས་བསྡུའི་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན་སོགས་ངོ་སྤྲོད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཕྱི་ལོ་༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང། བོད་མི་མང་སྤྱི་འཐུས་སྐབས་༡༨ པའི་འོས་བསྡུ་ཆེན་མོའི་འོས་གཞིར་བཞེངས་མཁན་དང་། དེའི་རྒྱབ་སྐྱོར་བ་རྣམས་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་དོན་ཚན་༡༤་ཅན་ཞིག་གསལ་བསྒྲགས་གནང་སོང་། དེ་དག་ནི་གཤམ་གསལ་རེད། 

༡། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མཁན་རྣམས་ཀྱིས་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དྲིལ་བསྒྲགས་ཡིག་ཆའི་སྟེང་༸གོང་ས་མཆོག་གི་སྐུ་པར་དང། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། བོད་ཀྱི་ས་བཀྲ་སོགས་གང་བྱུང་བེད་སྤྱོད་མི་ཆོག།

༢། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཁག་ལ་སྙིང་ནས་བརྩི་བཀུར་ཐོག དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་དང་འབྲེལ་བའི་གཏན་འབེབས་བྱེད་སྒོ་ལམ་སྟོན་ཁག་ལ་ཤར་བསྐྱོད་ཐུབ་པ་དགོས་གལ།

༣། འོས་གཞིར་ཞུགས་མཁན་རྣམས་ནས་ཁྲིམས་མཐུན་གྱི་སྒོ་ནས་རང་ཉིད་ཀྱི་ལངས་ཕྱོགས་དང་འབྱུང་འགྱུར་ཞུ་བྱ་སོགས་ཀྱི་གཏམ་བཤད། སྦྱར་ཡིག། ཡིག་འགྲེམས། རང་ཉིད་ཀྱི་དྲྭ་རྒྱ་སོགས་བརྒྱུད་དྲིལ་བསྒྲགས་གནང་ཆོག་པ་ཡིན། འོན་ཀྱང་བོད་ཀྱི་ཐུན་མོང་མ་ཡིན་པའི་བཟང་སྤྱོད་དང་བརྒལ་ཏེ་གང་ཟག་སྒེར་གྱི་མི་གཤིས་སོགས་ལ་སྐྱོན་བརྗོད་དང། ནང་ཁུལ་འཆམ་མཐུན་ལ་གནོད་ཚབས་དང་འགལ་ཟླ་འགྱུར་གཞིའི་རིགས། རིགས་རུས། ཆོས་ལུགས། ཆོལ་ཁ་ནང་ཕན་ཚུན་མི་མཐུན་པ་འགྱུར་གཞི། ལུང་ཚན་འཐེན་ཁྱེར། དངུལ་དངོས་ལྐོག་རྔན་སྤྲོད་ལེན་དང་། བརྒྱུད་སྐུལ་ཐབས་ཤེས་རིགས་ནམ་ཡང་མི་ཆོག།

༤། འོས་འཕེན་པ་སྒེར་གྱི་རང་ཆས་སུ་མངའ་བའི་གཞི་རིམ་ཐོབ་ཐང་ཁག་ལ་བརྩི་སྲུང་ངེས་པར་བྱ་དགོས། དེ་ལས་ཟློག་སྟེ་བཙན་དབང་ངམ་དྲག་ཤུགས་ཀྱི་སྒོ་ནས་འོས་འཕེན་དུ་འཇུག་པའམ་མི་འཇུག་པ། འོས་གཞི་ནས་ཕྱིར་འཐེན་བྱེད་དུ་འཇུག་པ་སོགས་ཀྱི་རིགས་ནམ་ཡང་མི་ཆོག། དེ་ཡང་འོས་གཞི་སྐྱེ་བོ་དང་། ཕྱོགས་གཏོགས། གཞན་ཡང་སྐྱེ་བོ་སུ་རུང་ནས་འོས་བསྡུའི་ལས་དོན་ལ་ཕན་གནོད་དང་འབྲེལ་བའི་རྒྱབ་སྐྱོར་རོགས་རམ་དགོས་པའི་འབོད་སྐུལ་དང། སྐྱབས་འཚོལ་བྱུང་རིགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ལས་བྱེད་སྤྱི་དང་། ལྷག་པར་འོས་བསྡུའི་ལས་བྱ་ལ་གོ་དབང་བེད་སྤྱོད་མི་ཆོག

༥། འོས་གཞི་སྐྱེ་བོ་སུ་ཐད་ནས་དབུས་སའི་འོས་བསྡུའི་ལས་དོན་སྐོར་མི་མང་དང་། གསར་འགོད་བསྐོང་ཚོགས་ཀྱིས་དྲང་བདེན་མིན་པའི་གནས་ཚུལ་གསལ་བསྒྲགས་བྱེད་པ་དང་ཡིག་ཆ་འགྲེམས་སྤེལ་རིགས་བྱེད་མི་ཆོག

༦། འོས་གཞིར་བཞེངས་མཁན་རྣམས་ནས་གནས་ཡུལ་སོ་སོའི་ཡུལ་ཁྲིམས་ལ་བརྩི་སྲུང་དང། ཆབ་སྲིད་ཀྱི་གནས་སྟངས་དཀའ་ངལ་ཅན་གྱི་ས་ཁུལ་ཁག་ཏུ་འོས་གཞིར་ཞུགས་མཁན་མི་འགྲོ་རྣམས་ནས་དྭོགས་ཟོན་དམ་དོན་དགོས་རྒྱུ། དབུས་འོས་བསྡུ་ལས་ཁང་ནས་དུས་བསྟུན་ལམ་སྟོན་ཁག་ལ་དྭང་ལེན། ལྷག་པར་འོས་གཞིར་བཞེངས་མཁན་དང་། དེ་འབྲེལ་རྒྱབ་སྐྱོར་བ་སུས་ཀྱང་འོས་གཞིར་བཞེངས་མཁན་གཞན་གྱི་ཚོགས་འདུ་ཚུགས་བཞིན་པར་འགོག་རྐྱེན་བཟོས་རིགས་མི་ཆོག

༧། འོས་བསྡུའི་སྒྲིག་གཞི་དོན་ཚན་༢༤ པའི་ནང་གསེས་ ༧ པ་ནང་གསལ་ཆོལ་གསུམ་སྒྲིག་འཛུགས། ཆོས་བརྒྱུད་ཁག། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་བཅས་སུ་ཐད་ནས་སྲིད་སྐྱོང་ངམ་སྤྱི་འཐུས་འོས་གཞིའི་སྐྱེ་བོ་དེར་ས་གནས་གང་དུ་ཡང་དངོས་ཤུགས་བརྒྱུད་གསུམ་ནས་འོས་གཞི་འདོན་པ་དང་། རྒྱབ་གཉེར་གསལ་བསྒྲགས་རིགས་གཏན་ནས་མི་ཆོག།

༨། སྲིད་སྐྱོང་ངམ། སྤྱི་འཐུས་སུ་འོས་པའི་མི་འགྲོ་དམིགས་འཛུགས་ཀྱིས་རྒྱབ་གཉེར་གསལ་བསྒྲགས་ཡིག་ཆ་དང་། ལྡེབ་ཤོག་འགྲེམས་སྤེལ། གྱང་སྦྱར་པར་རིས་གསལ་བསྒྲགས་སོགས་ཀྱི་ནང་འགྲེམ་སྤེལ་དང་དཔར་སྐྲུན་བྱེད་མཁན་གཉིས་ཀྱི་མིང་བྱང་ངེས་གསལ་བཀོད་དགོས།

༩། སྒྲིག་གསལ་སློབ་གྲྭ་ཁག་གི་ནང་གཞུང་འབྲེལ་ཕུད་དེ་མིན་འོས་མི་དང་སྐྱེ་བོ་སུ་ཐད་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་དང་། གཏམ་བཤད་དང། ཡིག་ཆ་འགྲེམ་སྤེལ་དངོས་ཤུགས་བརྒྱུད་གསུམ་ནས་མི་ཆོག།

༡༠། དེང་སྐབས་སྤྱི་ཚོགས་དྲྭ་ལམ་ཁག་བརྒྱུད་དངོས་མིན་གནས་ཚུལ། རྫུན་གཏམ་ཁྱབ་སྤེལ། གཞན་བརྒྱུད་གཏམ་ཆལ་སོགས་ཀྱི་དཀའ་ངལ་དུ་མ་ཡོད་མུས་བཞིན། འོས་གཞིར་བཞེངས་མཁན་རྣམས་ནས་ཧ་ཅང་ཉེན་ཚབས་ཆེ་བའི་ཁོར་ཡུག་ནང་མི་ཚུད་པ་ཕྱོགས་ཡོངས་ནས་ཐུགས་གཟབ་གནང་དགོས།

༡༡། འོས་གཞིར་ཞུགས་མཁན་རྣམས་ས་གནས་ཁག་ནང་དྲིལ་བསྒྲགས་གཏམ་བཤད་སོགས་ཀྱི་སླད་མི་མང་བསྡུ་བསྐོང་གིས་དྲིལ་བསྒྲགས་དང་། གསར་འགོད་གསལ་བསྒྲགས། ཡིག་འགྲེམས་སོགས་ཀྱི་ཞུ་འཆར་གྱི་གནས་དོན་རྣམས་ས་གནས་འོས་བསྡུ་ལས་ཁང་ལ་མཁྱེན་རྟོགས་སྙན་གསན་ངེས་པར་ཞུ་དགོས།

༡༢། སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མཁན་དང་། དེའི་ཕྱོགས་གཏོགས་བྱེད་མིའམ་རྒྱབ་སྐྱོར་བ་སུ་ཐད་ནས་སྔོན་འགྲོ་དང་དངོས་གཞི་གཉིས་ཀར་དྲིལ་བསྒྲགས་བྱ་འཐུས་ཀྱང། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ནང་གསེས་ ༧ ཁ༽ པ་ནང་གསལ་ “་་་འོས་བསྡུའི་དུས་ཚེས་ཀྱི་ཉིན་གྲངས་གཉིས་གོང་ནས་འོས་བསྡུ་མ་ཟིན་བར་གསལ་བསྒྲགས་བྱེད་མཚམས་འཇོག་དགོས།” ཞེས་གསལ་བ་ལྟར་དང་། འོས་བླུགས་པའི་ཉིན་མོ་དེར་འོས་འཕེན་པར་བརྒྱུད་སྐུལ་ཤོག་རྫར་འགྲེམས་སྤེལ་སོགས་དངོས་ཤུགས་བརྒྱུད་གསུམ་ནས་མི་ཆོག།

༡༣། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་བཅུ་དྲུག་ནང་གསེས་ ༥ ནང་གསལ། ས་གནས་སོ་སོའི་འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་རིགས་ལ་ས་གནས་འོས་བསྡུ་ལས་ཁང་ནས་ཞིབ་འཇུག་ཐག་གཅོད་བྱེད་དགོས་པས། འོས་གཞི་སྐྱེས་བོའམ་ཕྱོགས་གཏོགས་པ་ནས་ས་གནས་སུ་རྩོད་རྙོག་ཇི་བྱུང་ས་གནས་འོས་བསྡུ་འགན་འཛིན་ལ་ཞུ་གཏུགས་དགོས་རྒྱུ་ལས་དབུས་སུ་ཐད་འབུལ་མི་ཆོག ས་གནས་འོས་བསྡུ་ལས་ཁང་གིས་ཐག་གཅོད་བྱས་པར་མོས་མཐུན་མ་བྱུང་ཚེ། དབུས་འོས་བསྡུ་ལས་ཁང་ལ་ཞུ་གཏུགས་ཆོག

༡༤། གོང་གསལ་དོན་ཚན་གང་རུང་དང་འགལ་བ་དངོས་ར་འཕྲོད་པ་བྱུང་ཚེ། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༥ འབྲུ་དོན་འོག་འགལ་ཚབས་ལ་གཞིགས་ཏེ་སྒྲིག་དོན་ཉེས་ཆད་འགེལ་རྒྱུ་བཅས་ཀྱི་རྩ་འཛིན་ལམ་སྟོན་བཀོད་ཁྱབ་ཏུ། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་ ༧ ལ།། ཞེ་བཀོད་འདུག

གསར་འགོད་པས་སྲིད་སྤྱི་གཉིས་ཀྱི་འོས་མིར་ལོ་ཚད་ག་ཚོད་ལོན་དགོས་མིན་སྐོར་ལ་འདྲི་སྐབས། འོས་བསྡུ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་སྲིད་སྐྱོང་འོས་མི་ལ་མ་མཐའ་ཡང་ལོ་༣༥ ལོན་དགོས་པ་དང་། སྤྱི་འཐུས་ཀྱི་འོས་མིར་ལོ་༢༥ ལོན་དགོས་ཞེས་འགྲེལ་བརྗོད་གནང་སོང་། དེ་བཞིན་སྲིད་སྤྱི་གཉིས་ཀྱི་འོས་མི་རྣམས་ཀྱིས་དེ་རིང་སྟེ་ཕྱི་ལོ་༢༠༢༥་ཟླ་༡༠ ཚེས་༧་ནས་ཕྱི་ལོ་༢༠༢༦་ཟླ་༡ ཚེས་༢༩་ཉིན་དབར་དྲིལ་བསྒྲགས་དང་བསྒྲགས་གཏམ་སྤེལ་ཆོག་གི་ཡོད་སྐོར་ཡང་བརྗོད་སོང་།