03
Wed, Dec
5 རྩོམ་གསར།

༸གོང་ས་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་མཇལ་འཕྲད་གནང་འདུག

ཕྱི་ལོ་༢༠༢༤ ཟླ་༨ ཚེས་༢༡ ཉིན། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་གཙོས་ཨ་རི་གནད་ཡོད་མི་སྣ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་དུ་ཕེབས་འདུག པར། ཨ་རི་ཕྱི་སྲིད་ལས་ཁུངས།

རྒྱལ་སྤྱི།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༤ ཟླ་༨ ཚེས་༢༢ ཉིན་སྤེལ། ཁ་སང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya ) དང་ཨ་རི་སྲིད་འཛིན་གྱི་དམིགས་བསལ་ལས་རོགས་དང་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཁེ་ལེ་ར་ཛོ(Kelly Razzouk) བཅས་ནིའུ་ཡོག་གྲོང་ཁྱེར་དུ་ཆེད་བཅར་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་དུ་ཕེབས་འདུག

སྐབས་དེར། ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ལགས་ཀྱིས་སྲིད་འཛིན་བྷན་ཌན་མཆོག་གི་ཚབ་ཞུས་ཏེ་༸གོང་ས་མཆོག་ལ་འཚམས་འདྲི་ཞུས་འདུག དེ་བཞིན་ཨ་རི་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་རྒྱུ་དང་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

དེ་ཡང་། ཟླ་༨ ཚེས་༢༡ ཉིན། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya ) དང་ཨ་རི་སྲིད་འཛིན་གྱི་དམིགས་བསལ་ལས་རོགས་དང་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཁེ་ལེ་ར་ཛོ(Kelly Razzouk) རྣམ་གཉིས་ནིའུ་ཡོག་གྲོང་ཁྱེར་དུ་ཆེད་བཅར་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་དུ་ཕེབས་འདུག སྐབས་དེར། རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་སྐོར་ལ་གླེང་སློང་དང་ཨ་རི་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བསྐྱར་དུ་བྱས་ཡོད་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༡ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་བར་ལྟར་ན། ཨ་རི་གཞུང་གི་སྤྱི་དམངས་བདེ་སྲུང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་ཆེ་གཞོན་པ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་དང་ཨ་རི་སྲིད་འཛིན་གྱི་དམིགས་བསལ་ལས་རོགས་དང་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཁེ་ལེ་ར་ཛོ་རྣམ་གཉིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་༸གོང་ས་༸ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་མཇའ་འཕྲད་དུ་སོང་ཡོད་། ཅེས་དང་།

མཇད་འཕྲད་གནང་སྐབས། ཁོ་མོས་སྲིད་འཛིན་བྷན་ཌན་གྱི་ཚབ་ཞུས་ཏེ་༸གོང་ས་མཆོག་ལ་འཚམས་འདྲི་ཞུས་པ་དང་། ཨ་རི་གཞུང་གིས་་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་དང་། དེ་བཞིན་བོད་མིའི་ཚོའི་ལོ་རྒྱུས་དང་སྐད་ཡིག རིག་གཞུང་བཅས་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུར་བསྐྱར་དུ་ཁས་ལེན་གནང་ཡོད། དྲུང་ཆེ་གཞོན་པ་ཛེ་ཡ་ཡིས་༸གོང་ས་མཆོག་གིས་འཚེ་མེད་ཞི་བ་དང་བྱམས་བརྩེའི་ལྟ་བ་དར་སྤེལ་གཏོང་བར་བསྔགས་བརྗོད་ཡིད་རང་ཞུས་ཡོད། ཅེས་དང་།

དྲུང་ཆེ་གཞོན་མཆོག་གིས་ད་དུང་གོ་སྐབས་བཟུང་ནས་༸གོང་ས་མཆོག་ལ་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་། རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡུང་རྡེག་གཏོང་བཞིན་པར་འགོག་ཐབས་ཐད་ཨ་རི་གཞུང་གིས་འབད་བརྩོན་བྱེད་བཞིན་པ། གོང་ས་མཆོག་ཡང་ན་ཁོག་གི་སྐུ་ཚབ་དང་རྒྱ་གཞུང་བར་གྲོས་མོལ་བསྐྱར་གསོ་ཡོང་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་བ་བཅས་ཀྱི་སྐོར་གླེང་སློང་བྱས་ཡོད། ཅེས་འགྲེལ་བརྗོད་གནང་འདུག

བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་སྤྱི་ཚོགས་དྲ་རྒྱ་(X)བརྒྱུད་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་བྱུང་བ་ནི་་གཟི་བརྗིད་ཅིག་རེད། ཁོང་ནི་བྱམས་བརྩེ་དང་འཚེ་མེད་ཞི་བ་སྤེལ་མཁན་གྱི་འཛམ་གླིང་གི་མི་སྣ་ཞིག་རེད། ངས་ཨ་རི་སྲིད་འཛིན་མཆོག་གི་ཚབ་བྱས་ཏེ་ཁོང་ལ་འཚམས་འདྲི་ཞུས་ཡོད། དེ་བཞིན་ཨ་རི་གཞུང་གིས་བོད་པའི་སྤྱི་ཚོགས་ལ་རྒྱབ་སྐྱོར་བརྟན་པོ་ཡོད་པར་བསྐྱར་དུ་བརྗོད་ཡོད། ཅེས་བཀོད་འདུག