ཕྱི་ལོ་༢༠༢༤ ཟླ་༨ ཚེས་༢༡ ཉིན་སྤེལ། སང་ཉིན་ནིའུ་ཡོག་ཏུ་བྱང་ཨ་རིའི་བོད་རིགས་ཡོངས་དང་སོག་རིགས། ཧི་མ་ལ་ཡའི་རི་རྒྱུད་མི་མང་ཡོངས་ནས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། དེ་རྗེས་སུད་སིའི་གྲོང་ཁྱེར་ཛུ་རིག་ལ་ཆིབས་སྒྱུར་བསྐྱང་རྒྱུ་དང་། ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོད་རྒྱུ་ཡིན་པ་གསལ་འདུག
དེ་ཡང་། འདི་ལོའི་ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཡོག་ཏུ་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་རྗེས། ཁོང་ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་སའེ་ར་ཁྱུ་སི་ Syracuse ས་གནས་ཀྱི་ Nappi Farmhouse ལ་བདུན་ཕྲག་དྲུག་རིང་སྐུའི་ངལ་གསོ་མཛད་ཡོད་འདུག་པ་དང་། སྐུའི་ངལ་གསོའི་རིང་འབྲེལ་ཡོད་རྣམ་པས་མགོན་པོ་གང་ཉིད་མཆོག་ལ་དམིགས་བསལ་ཞབས་ཞུ་ལྷོད་མེད་ཞུས་ཡོད་པ་མ་ཟད། ཞབས་པུས་བསྙུང་གཞི་མྱུར་དྭངས་ཆེད་ལུས་རྩལ་སྨན་པ་རྣམས་དང་ལྷན་དུ་ཐུགས་བརྩོན་ཆེན་པོས་སྦྱོང་བརྡར་གནང་ཡོད་འདུག ཟླ་འདིའི་ཚེས་ ༢༠ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཆིབས་བསྒྱུར་བསྐྱངས་ཡོད་འདུག
༸གོང་ས་མཆོག་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཆིབས་བསྒྱུར་མ་བསྐྱང་སྔོན། ནིའུ་ཡོག་ཏུ་༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་གནང་བའི་རིང་སྐུ་ཞབས་སེམ་དང་ཁེ་རོལ་ནེ་པི་སྟངས་དཔྱལ་གཉིས་ནས་མགྲོན་བསུའི་སྣེ་ལེན་གཟབ་རྒྱས་གནང་ཡོད་པ་དང་། ཞབས་པུས་གཤག་བཅོས་ལེགས་གྲུབ་ཡོང་བར་མཐུན་འགྱུར་གོ་སྒྲིག་གནང་བར་༸གོང་ས་མཆོག་ནས་ཐུགས་རྗེ་ཆེ་ཞུ་ཡོད་འདུག དེ་བཞིན་ཁོང་གི་ཡིག་ཚང་ངོས་ནས་ནིའུ་ཡོག་མངའ་སྡེའི་སའེ་ར་ཁྱུ་སི་གྲོང་ཁྱེར་གྱི་ཨབ་སི་ཊེཊ་སྨན་ཁང་ཆེན་མོའི་ལུས་རྩལ་སྨན་བཅོས་ཚོགས་པ་དང་སྨན་པ་རྣམས་༸གོང་ས་མཆོག་གི་བཞུགས་གནས་སུ་ཆེད་གཏོང་གནང་སྟེ། ཁོང་རྣམ་པས་སྨན་བཅོས་དང་མཐུན་འགྱུར་ཞབས་ཞུ་རྒྱ་ཆེ་གནང་བར་སྐུའི་ཆིབས་ཞབས་པ་ཡོངས་ཀྱིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད། ཅེས་བཀོད་འདུག
ཟླ་༨ ཚེས་༥ ཉིན། ནིའུ་ཡོག་གི་དམིགས་བསལ་གཤགས་བཅོས་སྨན་ཁང་ (Hospital for Special Surgery) གི་དར་མའི་ལུས་པོ་བསྐྱར་བཟོ་དང་རུས་ཚིགས་གཤགས་བཅོས་ཚན་པའི་འགན་འཛིན་སྨན་པ་ཌེ་ཝིཌ་མེ་མེན་(Dr. David Mayman) གཟའ་མཇུག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་མདུན་དུ་བཅར་ཏེ། ༸གོང་ས་མཆོག་གི་ཞབས་པུས་ལ་བརྟག་དཔྱད་དང་། ཞབས་འགུལ་སྐྱོད་གནང་སྟངས་ལ་ཞིབ་འཇུག་གནང་རྗེས། སྨན་པ་ཁོང་གིས། ༸གོང་ས་མཆོག་གི་སྐུ་གཟུགས་དྭངས་སྐྱེད་ཡག་པོ་ཡོང་བཞིན་འདུག་ལ། ཞབས་པུས་འགུལ་སྐྱོད་སླར་གསོའི་སྦྱོང་བརྡར་ལ་འབད་བརྩོན་ཆེན་པོ་གནང་བཞིན་ཡོད་པ་ལྟར། ཡར་རྒྱས་ཆེན་པོ་ཡོང་བཞིན་འདུག ད་དུང་ཟླ་བ་དྲུག་ནས་བཅུ་གཉིས་བར་མུ་མཐུད་དེ་འདི་ལྟར་དྭངས་སྐྱེད་ཡག་པོ་ཡོང་བའི་འབད་བརྩོན་གནང་དགོས། ད་བར་༸གོང་ས་མཆོག་གི་སྐུ་ཁམས་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་དང་། མུ་མཐུད་ལོ་གཅིག་ནང་ཡར་རྒྱས་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཅེས་གསུངས་ཡོད་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༡༦ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནེའུ་ཡོག་མངའ་སྡེའི་ནང་ཡོད་པའི་ཨི་ཐ་ཁའི་(Ithaca)རྣམ་རྒྱལ་གྲྭ་ཚང་གི་ནང་ཆོས་སློབ་གཉེར་ཁང་ཞེས་པར་ཆིབས་སྒྱུར་བསྐྱངས་ཏེ་ཆོས་འབྲེལ་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་བཙན་བྱོལ་བ་ཆགས་ནས་རྒྱ་གར་དུ་སྡོད་བཞིན་ཡོད་པ་རེད། རྒྱ་གར་གྱི་ས་གནས་དང་། མདོར་ན་མདོ་སྟོད་སྨད་དབུས་གཙང་བཅས་ས་ཁུལ་མང་པོར་གཞུང་གི་འགྲོ་སྟངས་ལྟར་༸རྒྱལ་བ་རིན་པོ་ཆེ་ཞེས་ཁྲི་མཐོན་པོ་ཞིག་གི་སྟེང་དུ་སྡོད་འདོད་མེད་པར་གང་ས་གང་དུ་སླེབས་ཐུབ་པའི་གོ་སྐབས་ཤིག་བྱུང་བ་རེད། དེ་ནི་དངོས་གནས་མི་དང་མིའི་འབྲེལ་བ་ལ་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། ངོས་རང་ལ་ཆ་བཞག་ན་ང་༸རྒྱལ་བ་རིན་པོ་ཆེ་ཡིན་བསམ་པ་བྱས་ཏེ་གཞན་དང་མ་འདྲ་བ་བྱས་ཏེ་སྡོད་པ་ལ་འདོད་པ་མེད། ང་ཚོ་མི་གཅིག་གྱུར་དང་ཡང་སྒོས་སུ་བོད་གངས་ཅན་པ་ཆོལ་ཁ་གསུམ་གྱི་བོད་རིགས་གཅིག་གྱུར་ཆགས་ཡོད། དེ་བཞིན་སངས་རྒྱས་པའི་ཆོས་པའང་གཅིག་གྱུར་ཆགས་ཡོད། དེ་ལྟ་བུའི་འདུ་ཤེས་ཀྱི་ཐོག་ནས་ངོས་རང་བོད་ཀྱི་མདོ་སྟོད་སྨད་སོགས་ཀྱི་ས་ཁུལ་མང་པོ་ལ་སླེབས་པ་དང་། དངོས་གནས་མི་དང་མིའི་དབར་གྱི་བརྩེ་བ་དང་། བོད་རིགས་ནང་ཚགས་ཀྱི་བརྩེ་བ་མ་བོར་པའི་ཐོག་ནས་སླེབས་ཡོད། ༸རྒྱལ་དབང་གོང་མ་ཚོ་༸རྒྱལ་དབང་གི་ཁྲིའི་ཐོག་ལ་བཞུགས་ཀྱང་འབྲེལ་བ་རྒྱ་ཆེ་པོ་འདི་ལྟ་བུ་ཕལ་ཆེར་ཁག་པོ་མེད་དམ།
ངོས་རང་ཕ་ཡུལ་མདོ་སྨད་དུ་སྐྱེས་ཤིང་། ཟི་ལིང་མཱ་ཀྲུའུ་ཞིའི་མི་སེར་ལྟ་བུ་རེད། མཱ་པུའུ་ཧྥང་གིས་ངོས་ལ་ཧ་ཅང་འཆམ་པོ་བྱེད་མྱོང་། མདོ་སྨད་དུ་ཡོད་པའི་སྐབས་དང་། ལྷག་པར་དུ་བཙན་བྱོལ་བ་ཆགས་ནས་བོད་རིགས་སྤྱི་བོ་གནམ་བསྟན་ཚང་མར་འབྲེལ་བ་ཆགས་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་ཆོས་ཚུལ་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡོད་པ་འདི་ལ་ངོས་ཀྱིས་གང་ས་གང་དུ་འབྲེལ་བ་བྱས་ཏེ་བསམ་ཚུལ་བཤད་ནས་ཧ་ཅང་ཕན་ཐོགས་བྱུང་། བཙན་བྱོལ་དུ་བསྡད་པ་འདིས་མི་མང་པོ་ལ་འབྲེལ་བ་བྱེད་ཐུབ་པའི་ཕན་ཐོགས་ཆེན་པོ་བྱུང་བ་རེད།
དེ་རིང་སྐབས་སུ་བབས་པ་ཁྱོད་རང་ཚོར་ཐུག་པ་རེད། བཙན་བྱོལ་བ་ཆགས་མེད་ན་ངོས་རང་ལྷ་སའི་གཙུག་ལག་ཁང་དང་ནོར་བུ་གླིང་ཁར་བཞུགས་ཁྲི་མཐོ་པོ་ཞིག་གི་སྒང་དུ་བསྡད་ཡོད་པ་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་ཆེ་འདྲིས་ཆུང་འདྲིས་བྱས་ཏེ་ང་ཚོ་ཐུག་ཐུབ་པ་ཞིག་རེད། མ་གཞི་ངོས་རང་ཟི་ལིང་ས་ཁུལ་དུ་སྐྱེས་ནས་ཆུང་ཆུང་སྐབས་ནས་མི་དང་འབྲེལ་བ་ཧ་ཅང་ཡག་པོ་ཡོད། ད་ལྟ་ངོས་རང་ལོ་རྒས་ཡོང་དུས་ས་ཁུལ་གང་ས་གང་དུ་ཡོད་པའི་ང་ཚོའི་བོད་མི་ཆོས་དང་རིག་གཞུང་གི་ཐོག་ལ་དོ་སྣང་ཡོད་མཁན་མང་པོ་ཞིག་གིས་དམིགས་བསལ་གྱིས་ཐུགས་སྣང་བྱས་ཏེ་ཧ་ཅང་དགའ་བོ་བྱེད་བཞིན་འདུག དེ་རིང་ས་ཆ་འདིར་ཆ་བཞག་ནའང་། ང་ཚོ་བོད་རིགས་གཅིག་གྱུར་གྱི་འདུ་ཤེས་ཀྱི་འོག་ནས་ཏཱ་ལའི་བླ་མ་ཟེར་དུས་སེམས་ཐག་ཉེ་བོ་དང་། སེམས་གཏིང་ནས་དགའ་པོ་བྱེད་པ་ཞིག་ཆགས་ཡོད་པ་རེད། ངོས་ལ་ཆ་བཞག་ནའང་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་གང་ནས་སླེབས་པ་ཡིན་ནའང་བོད་རིགས་གཅིག་གྱུར་གྱི་བསམ་ཚུལ་ཤུགས་ཆེན་པོ་བྱས་ཏེ་སྡོད་ཀྱི་ཡོད། ངོས་རང་བཙན་བྱོལ་བ་ཆགས་ནས་བསྡད་པ་རེད་དེ། གང་ལྟར་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ལ་ཞབས་འདེགས་གང་འཚམ་སྒྲུབ་ཡོད། ད་དུང་ཡིན་ནའང་ཞབས་འདེགས་སྒྲུབ་ཀྱི་རེད། ཁྱོད་ཚོ་ཚང་མས་ཧུར་ཐག་འབད་ཐག་བྱོས།
གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་འདི་རྒྱ་མིའི་སྐད་ཆ་བཤད་སྲོལ་ལྟར་ན་རྨོངས་དད་མིན་པ་བྱས་ཏེ་རྒྱུ་མཚན་གྱི་ཐོག་ནས་དད་པ་བྱེད་རྒྱུ་ཡོད་པ་ལ་དོ་སྣང་བྱེད་དགོས། ང་ཚོས་དད་པ་བྱེད་པའི་རྒྱུ་མཚན་ཅི་ཞིག་རེད་དམ། འཕྲལ་དུ་ཉིན་རེའི་སེམས་ལྷོད་ལྷོད་ཆགས་པ་དང་། སེམས་ལྷོད་པའི་ཐོག་ནས་གཟུགས་པོ་བདེ་ཐང་ཡོང་བ། ལོ་དང་ཟླ་བ་སྦྲེལ་ནས་སེམས་ཞི་ལྷོད་ཡིན་པ་ཞིག་དང་། དངོས་གནས་དྲང་གནས་ཞི་བའི་མི་ཞིག་དགོས། བོད་གངས་ཅན་ལྗོངས་ཀྱི་སེམས་ཅན་ཚོ་འགྲོ་བ་མི་རིགས་གཞན་དང་འདྲིས་ཡོང་སྐབས་ང་ཚོ་ཞི་ཞིང་དུལ་བ་ཞིག་ལ་ཕལ་ཆེར་མཐོང་གི་ཡོད་པ་རེད། ཚང་མས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཡང་ཧུར་ཐག་བྱེད་རོགས།
བཙན་བྱོལ་བ་ཆགས་པ་དེས་ས་ཆ་ག་བ་གང་སར་སླེབས་པ་དང་། ང་ཚོའི་གཞུང་གིས་འབྲེལ་བ་བྱས་ནས་མིན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཞེས་གང་ས་གང་དུ་སླེབས་ནས་ཕན་ཐོགས་ཡོང་ཐུབ་པ་ཞིག་འདུག ངོས་རང་གིས་བྱང་ཆུབ་སེམས་དཔའི་བསླབ་བྱ་སེམས་ལ་བཞག་ནས་ག་ཚོད་ཐུབ་ཐུབ་ཀྱིས་མི་ལ་ཕན་ཐོགས་པ་ཞིག་དང་། སྐབས་སུ་བབ་པ་ང་ཚོ་བོད་རིགས་ནང་ཚགས་རེད། གང་ལྟར་སེམས་པ་བཟང་པོ་བྱེད་པ་དང་། མི་ལ་ཕན་སེམས་བྱེད་པ། ང་ཚོར་སྣོན་པ་གཅིག་ནི་བོད་ཀྱི་རིགས་ཞེན་ཁོག་དེ་གལ་ཆེན་པོ་རེད། ཚང་མས་ཧུར་ཐག་བྱེད་རོགས་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས་ཐུབ་པའི་མཚན་སྔགས་ཀྱི་བཟླས་ལུང་དང་། བོད་གངས་ཅན་གྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡི་གེ་དྲུག་མ། རྗེ་བཙུན་འཕགས་མ་སྒྲོལ་མའི་གཟུངས་སྔགས། གུ་རུའི་མཚན་སྔགས་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་འདུག
ཟླ་འདིའི་ཚེས་ ༢༢ ཉིན་གྱི་ཞོགས་པར། ནིའུ་ཡོག་གྲོང་ཁྱེར་གྱི་ UBS རྩེད་འགྲན་རའི་ནང་དུ། བྱང་ཨ་རིའི་བོད་རིགས་ཡོངས་དང་སོག་རིགས། ཧི་མ་ལ་ཡའི་རི་རྒྱུད་མི་མང་ཡོངས་ནས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་ཆིབས་སྒྱུར་བསྐྱངས་ཏེ། ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༥ ཉིན་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་ཚེས་ Hallenstadion ཚོགས་ཁང་དུ་སུད་སི་བོད་རིགས་ཚོགས་པ་དང་བོད་མི་ཚོས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་༸གོང་ས་མཆོག་གིས་བོད་མི་དང་མི་མང་རྣམས་ལ་བཀའ་སློབ་ཐུང་ངུ་ཞིག་གནང་རྒྱུ་ཡིན་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཛུ་རིག་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱང་རྒྱུ་དང་ཟླ་འདིའི་ཚེས་༢༨ ཉིན་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པར་གསལ་འདུག