03
Wed, Dec
5 རྩོམ་གསར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་པའི་ཚོགས་པ་གསུམ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

ཕྱི་ལོ་༢༠༢༥ ཟླ་༡༠་ཚེས་༨ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་པའི་ཚོགས་པ་གསུམ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། པར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ ཟླ་༡༠་ཚེས་༨ ཉིན། བཞུགས་སྒར་དྷ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཨོ་སི་ཊི་ལི་ཡ་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཡུ་རོབ་བོད་རིགས་ཚོགས་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༢༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱང་སྐབས། རྒྱ་སྒོ་རུ་རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་དང་། བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་གཙོ་དང་སྦྱིན་བདག་ནས་སྤོས་སྣེས་མདུན་བསུ་དང་བཅས་གདན་འདྲེན་ཞུས་སོང་། ༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་ཁྲིར་ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་ཞུས་སོང་།

ཇོ་ནང་རྒྱལ་ཚབ་རིན་པོ་ཆེ། རྡོར་སློབ་ཟམ་གདོང་རིན་པོ་ཆེ། ཁྲོམ་ཐོག་རིན་པོ་ཆེ། རྒྱུད་སྟོད་མཁན་རིན་པོ་ཆེ་སོགས་ཀྱིས་གཙོས་དགེ་འདུན་པ་དང་བཙུན་མ་རྣམས་ནས་ཞལ་འདོན་རྒྱུན་ཆགས་གསུམ་པ། མཆོད་པ་བྱིན་རླབས། རིགས་ལྔའི་མཁའ་འགྲོ་བསུན་བཟློག་བཅས་གསུངས་སོང་།

བརྟན་བཞུགས་དངོས་གཞིར་སློབ་དཔོན་ལྷར་བསྐྱེད་སོགས་རིམ་བཞིན་གསུངས་ཏེ་བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད་ཅེས་སོགས་ཀྱིས་ཚེ་འགུགས་དང་། རྡོར་སློབ་སྐུ་བཞེངས་ཀྱིས་ཚེ་མདའ་ཕུལ། ཚོགས་རོལ། དེ་ནས་རྡོ་རྗེ་སློབ་དཔོན་མཆོག་ནས་མཎྜལ་ཚོམ་བུ་འདེགས་འབུལ་དང་འབྲེལ་སྐུ་རྟེན། གསུང་རྟེན། ཐུགས་རྟེན། བུམ་པ། ཚེ་རིལ། ཚེ་ཆང་། ཚེ་མདའ། ལས་བཞི་འབྲང་རྒྱས། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། བཀྲ་ཤིས་རྫས་བརྒྱད་རྣམས་ཚིག་བསྟུན་གྱིས་ཕུལ་བ་དང་། དབུ་བཞུགས་རྡོར་སློབ་དང་། ཨོ་སི་ཊི་ལི་ཡ་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཡུ་རོབ་བོད་རིགས་ཚོགས་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཀྱི་འཐུས་ཚབ་གྲངས་ ༢༡ ནས་མཇལ་ཁ་དང་། འབུལ་དངོས་སྤྱན་བསྟར་ཞུས་སོང་།

ཐེངས་འདིར་བརྟན་བཞུགས་ཆེད་བཅར་བྱེད་མཁན་ཨོ་སི་ཊི་ལི་ཡ་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་༥༣་དང་། ཡུ་རོབ་བོད་རིགས་ཚོགས་པ་ཁག་༡༣་ནས་ཚོགས་མི་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་༥༠་ཙམ་ནས་ཚོགས་མི་༣༠༠་ལྷག་ཡོད་འདུག