03
Wed, Dec
5 རྩོམ་གསར།

༸གོང་ས་མཆོག་དགུང་གྲངས་༩༠ ཕེབས་པའི་འཁྲུངས་སྐར་ཉིན་ཆོས་ལུགས་ཁག་དང་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པས་འཚམས་འདྲི་ཞུས་སོང་།

ཕྱི་ལོ་༢༠༢༥ ཟླ་༧ ཚེས་༦ ཉིན། རྒྱ་གར་གྱི་སྲིད་འཛིན་མོ་རྡི་མཆོག ཐེ་ཝན་སྲིད་འཛིན་ལད་ཆིང་ཐི། ཨ་རིའི་སྲིད་འཛིན་ཟུར་པ་ཇོ་ཆི་བྷུ་ཞི་མཆོག་དང་། ཨོ་བྷ་མ་མཆོག ཁི་ལི་ཊོན་མཆོག ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཁི་རོ་བྷི་མཆོག ཨ་རིའི་གྲོས་ཚོགས་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག་སོགས་ནས་༸སྐུའི་འཁྲུངས་སྐར་ཉིན་ལ་འཚམས་འདྲི་ཞུས་སོང་།

རྒྱལ་སྤྱི།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ ཟླ་༧ ཚེས་༦ ཉིན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ ཕེབས་པའི་འཁྲུངས་སྐར་ཉིན། རྒྱ་གར་གཙོས་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་། གྲོས་ཚོགས་འཐུས་མི། བོད་ཀྱི་བླ་ཆེན་རྣམ་པས་སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་འཛམ་གླིང་ལ་ཞི་བདེ་དང་འཚེ་མེད་ཞི་བ། དེ་བཞིན་བྱམས་དང་སྙིང་རྗེ་ལྡན་པའི་མི་མང་ཡོང་ཐབས་བཅས་ལ་འབད་བརྩོན་གནང་དང་གནང་བཞིན་ཡོད་པར་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་གནང་སོང་།

དེ་ཡང་། སྐུའི་འཁྲུངས་སྐར་ཉིན། བོད་ཀྱི་བླ་ཆེན་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་། ༸སྐྱབས་རྗེ་དགའ་ལྡན་ཁྲིན་རིན་པོ་ཆེ་མཆོག ༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་ཞེ་གསུམ་པ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་གཙོ་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་མཆོག ༸སྐྱབས་མགོན་འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག དོན་བརྒྱུད་བསྟན་པའི་བདག་པོ་༸རྒྱལ་དབང་འབྲུག་པ་བཅུ་གཉིས་ཆེན་པོ་འཇིགས་མེད་པདྨ་དབང་ཆེན་མཆོག ༸སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་༸ངག་དབང་ཆོས་ཀྱི་སྣང་བ་མཆོག ༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག ༸སྐྱབས་རྗེ་གླིང་རིན་པོ་མཆོག་བཅས་གཙོས་པའི་བླ་ཆེན་དང་སྤྲུལ་སྐུ མཁན་པོ་སོགས་ཀྱིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ ཕེབས་པའི་འཁྲུངས་སྐར་འཚམས་འདྲི་དང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་འདེབས་གནང་སོང་།

དེ་ནས་ཧིན་དྷུ། ཡེ་ཤུ། ཁ་ཆེ། བཱ་ཧའེ། འཇིའུ། རྗེན། སིག་སོགས་ཀྱི་དབུ་ཁྲིད་ཁག་དང་། རྒྱ་གར་གྱི་སྲིད་འཛིན་མོ་རྡི་མཆོག ཐེ་ཝན་སྲིད་འཛིན་ལད་ཆིང་ཐི། ཨ་རིའི་སྲིད་འཛིན་ཟུར་པ་ཇོ་ཆི་བྷུ་ཞི་མཆོག་དང་། ཨོ་བྷ་མ་མཆོག ཁི་ལི་ཊོན་མཆོག ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཁི་རོ་བྷི་མཆོག ཨ་རིའི་གྲོས་ཚོགས་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག ཨ་རིའི་གྲོས་ཚོགས་འཐུས་མི་གཞན། ཡུ་རོབ་ཀྱི་ཚོགས་གཙོ་ཟུར་པ་ཧན་སུ་གྷར་པོ་ཊར། ཁེ་ཎ་ཌའི་གྲོས་ཚོགས་མི། ཡུ་རོབ་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི། ཚན་རིག་པ། རྩོམ་པ་པོ། སློབ་དཔོན་ཆེན་མོ། དམག་པོ་ཆེན་མོ། གློག་བརྙན་འཁྲབ་མཁན། དེ་བཞིན་བོད་ཀྱི་བླ་ཆེན་ཁག་སོགས་ནས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་འདེབས་གནང་སོང་།

རྒྱ་གར་གྱི་སྲིད་འཛིན་མོ་རྡི་མཆོག་གིས་གསུང་དོན། ང་རང་རྒྱ་གར་མི་མང་ཐེར་འབུམ་༡.༤ དང་མཉམ་དུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ༸གོང་ས་མཆོག་ནི་བརྩེ་བ་དང་བྱམས་བརྩེ། བཟོད་སྒོམ། བཟང་སྤྱོད་ཀྱི་མཚོན་རྟགས་རེད། ཁོང་གི་བཀའ་སློབ་ནི་ཆོས་ལུགས་དད་པ་འདྲ་མིན་གྱི་མི་རྣམས་ཀྱིས་གུས་བརྩི་དང་བསྔགས་བརྗོད་བྱེད་ཀྱི་ཡོད། ༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་འདེབས།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཁི་རོ་བྷི་མཆོག་གིས་གསུང་དོན། ཨ་རི་གཞུང་གིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། ༸གོང་ས་མཆོག་གིས་བྱམས་བརྩེ་དང་ཞི་བདེ། མཐུན་སྒྲིལ་བརྒྱུད་ནས་མུ་མཐུད་ནས་མི་རྣམས་ལ་སེམས་ཤུགས་སྦྱིན་བཞིན་ཡོད། ཨ་རི་ངོས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཡར་རྒྱས་ཡོང་ཐབས་ལ་མུ་མཐུད་ནས་ཤུགས་རྒྱག་རྒྱུ་ཡིན། དེ་བཞིན་བོད་མིའི་ཐུན་མོང་མི་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་མི་ཉམས་རྒྱུད་འཛིན་བྱེད་པར་རོགས་འདེགས་དང་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། བོད་མི་ཚོས་རང་ཉིད་ཀྱི་ཆོས་ལུགས་དབུ་ཁྲིད་འདེམ་པའི་རང་དབང་ལ་གུས་བརྩི་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞེས་གསུངས་འདུག

ཐེ་ཝན་སྲིད་འཛིན་ལད་ཆིང་ཐི་མཆོག་གིས་བརྗོད་དོན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། དེ་རིང་དམིགས་བསལ་དུས་འདིར་ང་ཚོས་༸གོང་ས་མཆོག་གིས་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཆེད་ཞབས་འདེགས་གནང་བར་སྙིང་དབུས་ནས་ཡི་རང་བསྔགས་བརྗོད་ཞུ། ༸གོང་ས་མཆོག་མུ་མཐུད་ནས་འཛམ་གླིང་ལ་བྱམས་བརྩེ་དང་ཤེས་རབ་ཀྱི་འོད་སྣང་སྦྱིན་པའི་སྨོན་ལམ་འདེབས།

ཨ་རིའི་སྲིད་འཛིན་ཟུར་པ་ཇོ་ཆི་བྷུ་ཞི་མཆོག་དང་། ཨོ་བྷ་མ་མཆོག ཁི་ལི་ཊོན་མཆོག་བཅས་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་མ་ཟད། ༸གོང་ས་མཆོག་ནི་འཛམ་གླིང་ཞི་བདེ་དང་། བྱམས་བརྩེ། བརྩེ་བ། རང་དབང་། གྲོས་མོལ་བཅས་ཀྱི་མགྲིན་ཚབ་པ་དང་། སྐུ་མདུད་ཀྱི་བཀའ་སློབ་ཀྱིས་མི་མང་ས་ཡ་མང་པོར་ཤུགས་རྐྱེན་དང་། སེམས་ཤུགས་སྦྱིན་ཡོད་པ་དང་། རྙོག་འཛིང་ཆེ་བའི་འཛམ་གླིང་འདིའི་ནང་༸གོང་ས་མཆོག་གི་ཞི་བདེ་དང་བྱམས་བརྩེ། འཆམ་མཐུན་སོགས་ཀྱི་བཀའ་སློབ་ནི་ཧ་ཅང་དགོས་མཁོ་ཆེ་ཆེན་པོ་ཡོད་སྐོར་སོགས་གསུངས་འདུག

གཞན་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་སུ་ཁི་ཝིན་ཌིར་(Sukhvinder Singh Sukhu) མཆོག་དང་། མ་ནི་པུར་(Manipur)་གྱི་སྤྱི་ཁྱབ་བློན་ཆེན་བྷི་རེན་སིན(N. Biren Singh)། ཨ་སིམ་(Assam)་གྱི་སྤྱི་ཁྱབ་བློན་ཆེན་ཧི་མན་ཊ་བྷི་སུ་ཝ་( Shri Himanta Biswa Sarma)། འབྲས་ལྗོངས་(Sikkim)་ཀྱི་སྤྱི་ཁྱབ་བློན་ཆེན་པེམ་སིན་ཏ་མང་གྷོ་ལེ་(Prem Singh Tamang-Golay)། ཨིན་ཌི་ར་(Andhra Pradesh)་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཆན་ཌིར་བྷ་བུ་ནི་ཌུ(N. Chandrababu Naidu)། གཙོས་པའི་དབུ་ཁྲིད་རྣམས་ཀྱིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༩༠ ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག