ཕྱི་ལོ་༢༠༢༥ ཟླ་༤ ཚེས་༢༥ ཉིན་སྤེལ། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ཀྱིས་སྲུང་བརྩི་དང་འབྲེལ། རྒྱ་གཞུང་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་ཁོང་སྐུ་གཟུགས་ཀྱི་གནས་སྟངས། དེ་བཞིན་ཁོང་གི་མྱུར་དུ་གློད་གྲོལ་གཏོང་དགོས་དགོས་འདུན་བཏོན་འདུག
དེ་ཡང་། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་ ༼དགེ་འདུན་ཆོས་ཀྱི་ཉི་མ་༽ མཆོག་ཕྱི་ལོ་ ༡༩༨༩ ཟླ་ ༤ ཚེས་ ༢༥ ས་སྦྲུལ་བོད་ཟླ་ ༣ ཚེས་ ༡༩ ཉིན་བོད་ནག་ཆུ་ཁུལ་ལྷ་རི་རྫོང་ཁོངས་ཡབ་དཀོན་མཆོག་ཕུན་ཚོགས་དང་། ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་༸སྐུ་འཁྲུངས། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་། འོན་ཀྱང་། ངོས་འཛིན་གནང་ནས་ཉིན་གསུམ་གྱི་རྗེས་སུ་རྒྱ་ནག་དམར་གཞུང་གིས་དགུང་གྲངས་དྲུག་ལ་སོན་པའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་ ༼དགེ་འདུན་ཆོས་ཀྱི་ཉི་མ་༽ མཆོག་དང་། ཁོང་གི་ཡབ་ཡུམ་སྐུ་འཁོར། ༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་ཞིབ་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་ཆེ་བཅས་བཙན་ཁྲིད་བྱས་ནས་ད་བར་གར་སོང་ཆ་མེད་དུ་གྱུར་ཏེ་ད་ཆ་ལོ་ངོ་ ༣༠ འཁོར་བཞིན་ཡོད།
༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་ ༣༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་ལ་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་༧སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་གསུང་དོན། དེ་རིང་ནི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགོངས་གྲངས་༣༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་བདག་ཅག་གཞིས་བྱེས་ལྷ་སྡེ་མི་སྡེ་ཡོངས་ནས་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མགོན་པོ་གང་ཉིད་རྒྱ་ནག་དམར་པོའི་སྲིད་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ནས་མི་ལོ་༣༠་གར་སོང་ཆ་མེད་འགྱུར་བ་ཡོད་པ་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་གྱོང་གོས་བསམ་ཡིད་ལས་འདས་པ་བྱུང་ཡོད་པ་ཚང་མས་མཁྱེན་གསལ་རེད། དེར་བརྟེན། རང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྐུའི་འཁྲུངས་སྐར་སྲུང་བརྩི་དང་ཁོང་གློད་གྲོལ་ཐོབ་ཆེད་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་བཞིན་པར་རྗེས་སུ་ཡིད་རངས་དང་སླད་བདེན་དོན་མཐའ་མ་སེལ་བར་དུ་མ་མཐུད་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ། མཐའ་དོན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱ་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱ་བརྟན་ཅིང་དང་བཙོན་གྲོལ་མྱུར་དུ་ཐོབ་ནས་༸རྒྱལ་བའི་དགོངས་པ་ཅི་བཞིན་འགྲུབ་པ་དང་བོད་ཀྱི་རང་དབང་བདེན་མཐའ་མྱུར་དུ་སེལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུང་དོན། དེ་རིང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན་ལ་ཁོང་སྐུ་ཚེ་ཞབས་པད་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་ཐ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ། ད་ལྟར་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནས་སྟངས་ཧ་ཅང་ཐབས་སྡུག་པོ་ཞིག་ཆགས་བསྡད་ཡོད་རེད། ཕྱི་ལོ་༡༩༩༥་ནས་བཟུང་ད་བར་གར་སོང་ཆ་མེད་འགྱུར་ཡོད་རེད། དེའི་ཐོག་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ད་ལྟར་གང་དུ་བཞུགས་ཡོད་མེད་དང་། གནས་སྟངས་ག་འདྲའི་ཐོག་ནས་བཞུགས་ཡོད་མེད་ཐོག་ཞུ་གཏུགས་བྱེད་དགོས་པ་ཆགས་བསྡད་ཡོད་རེད། དེ་རིང་ཁོང་གི་འཁྲུངས་སྐར་དང་སྟབས་བསྟུན་ནས་རྒྱ་གཞུང་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སྟོན་དགོས་པའི་དུས་ཚོད་ཤར་ཡོད་རེད། ཅེས་གསུངས་སོང་།
གཞན་ཡང་། རྒྱ་གར་ལྷོ་ཕྱོགས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་མཛད་སྒོ་ཚོགས་ཡོད་འདུག དེ་བཞིན་འཛམ་གླིང་གང་སར་བོད་མི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་ ༣༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ། རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ཁོང་མགྱོགས་མྱུར་དུ་གློད་གྲོལ་དགོས་པའི་དགོས་འདུན་བཏོན་བཞིན་འདུག
བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་རིག་གཞུང་འཛིན་སྐྱོང་བླ་སྤྱི་ལྷན་ཁང་དང་། ༧པཎ་ཆེན་ཨེར་ཏི་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་ཐུན་མོང་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་འཁྲུངས་སྐར་དང་འབྲེལ་བའི་བསྒྲགས་གཏམ་སྤེལ་བའི་ནང་དུ་འཁོད་དོན། དེ་རིང་སླར་ཡང་ང་ཚོས་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན་༸པཎ་ཆེན་རིན་པོ་ ཆེའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་ང་ཚོའི་ལངས་ཕྱོགས་དང་རེ་འདུན་ཁག་ཡོངས་ཁྱབ་ཏུ་བསྐྱར་བསྒྲགས་བྱ་རྒྱུ་ཡིན།
༡༽ ང་ཚོས་བོད་ཀྱི་ཆོས་ལུགས་ཀྱི་ལམ་སྲོལ་ནང་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་ལུགས་ནི་བོད་མིའི་ཐུན་མོང་མ་ཡིན་པའི་ལམ་ལུགས་ཤིག་ཡིན་ལ། ཆོས་དད་རང་དབང་གི་གནད་དོན་ཞིག་ཀྱང་ཡིན། རྒྱ་ནག་མི་དམངས་སྲིད་གཞུང་གི་སྲིད་བྱུས་ལྟར་ན་ཆོས་དད་རང་དབང་ལ་བརྩི་བཀུར་ཞུ་དགོས་པར་བཤད་ཡོད་ཀྱང་། དངོས་སུ་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་སོགས་ལ་གང་བྱུང་ཐེ་བྱུས་བྱེད་པ་ནི་ཁྲིམས་འགལ་ཡིན།
༢༽ ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་བོད་ཀྱི་ལོ་ རྒྱུས་ལྡན་པའི་བྱུང་རིམ་དང་ལམ་སྲོལ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ངོས་འཛིན་ཞུས་པའི་ཡང་སྲིད་ཡང་དག་ཅིག་ཡིན། རྒྱ་ནག་གཞུང་གིས་རང་འགར་བོད་མིའི་ཆོས་ལུགས་ཀྱི་ལམ་སྲོལ་དང་དད་སེམས་ལ་འཁྱོག་བརྗོད་དང་འབྲེལ་བཙན་དབང་གི་བྱ་སྤྱོད་སྤེལ་བ་ནི་ཁྲིམས་མཐུན་མ་ཡིན་པ་ཞིག་ཡིན།
༣༽ ང་ཚོས་དོན་དམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཁག་ལ་ ༸པཎ་ཆེན་རིན་པོ་ཆེ་མཆོག་མྱུར་དུ་གློད་གྲོལ་ཡོང་ཐབས་སུ་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཁོང་ད་ལྟ་དགུང་ལོ་སུམ་ཅུ་སོ་དྲུག་བཞེས་ཡོད་སྟབས། མི་ལོ་སུམ་བཅུའི་རིང་འཛམ་གླིང་ནང་ནག་ཉེས་མེད་པའི་ཆབ་སྲིད་བཙོན་པ་དང་གར་སོང་ཆ་མེད་དུ་གྱུར་བའི་བོད་ཀྱི་བླ་ཆེན་ཞིག་གི་ལོ་རྒྱུས་ཀྱི་ཟིན་ཐོར་གྱུར་ཡོད། ལོ་ངོ་འདི་དག་རིང་རྒྱ་ནག་གཞུང་གིས་མི་སྒེར་གྱི་འཚོ་གནས་དང་རང་དབང་གི་ཐོབ་ཐང་། ཆོས་ དད་རང་མོས་ཀྱི་ཐོབ་ཐང་སོགས་བཙན་འཕྲོག་བྱེད་བཞིན་ཡོད་པ་འཕྲལ་དུ་འཚམས་འཇོག་བྱེད་དགོས་པའི་སྐུལ་མ་གནང་རོགས་ཞེས་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཡིན།
༤༽ ང་ཚོས་རྒྱ་ནག་གཞུང་ལ་༧པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང༌། བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་དང་། དེ་བཞིན་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་ལམ་སྲོལ་ལ་ཐེ་བྱུས་མི་བྱེད་པར་བོད་མིའི་ཆོས་དད་རང་དབང་ལ་བརྩི་བཀུར་དང་ལེན་གནང་དགོས། ཞེས་བཀོད་འདུག