ཕྱི་ལོ་༢༠༢༥ ཟླ་༦ ཚེས་༤ ཉིན། རྒྱ་གར་དང༌། བལ་ཡུལ། འབྲུག་བཅས་ཀྱི་ནང་པའི་རྗེས་འཇུག་ཡོངས་ཀྱི་སྐུ་ཚབ་བླ་སྤྲུལ་མཁན་གྱིས་༸གོང་ས་༸མཆོག་གི་སྐུ་ཕྲེང་རྒྱུན་མཐུད་ཇི་ལྟར་ཕེབས་རྒྱུ་ནི། བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན་ཡང་། སྐྱེ་བ་སྔ་ཕྱི་གཏན་ནས་ཁས་མི་ལེན་ཞིང༌། ཆོས་དུག་ཡིན་པར་ལྟ་མཁན་གྱི་རྒྱ་ནག་དམར་གཞུང་གིས་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནར་དམིགས་ནས་འབྱུང་འགྱུར་༸རྒྱལ་བའི་སྐུ་ཕྲེང་རིམ་བྱོན་ཕེབས་ཕྱོགས་ཐད་ཇུས་ངན་སྣ་ཚོགས་གཤོམ་སྒྲོག་བྱས་དང་བྱེད་བཞིན་པ་དེའི་རིགས་ལ་མཐའ་གཅིག་ཏུ་དགག་རྒྱག་དང་ངོ་རྒོལ་བྱ་རྒྱུ་མ་ཟད། བྱ་ངན་དེའི་རིགས་དུས་ནམ་ཡང་ངོས་ལེན་བྱ་ཐབས་མེད་ངེས་ཡིན། ཞེས་གསུངས་སོང་།
དེ་ཡང་། གོང་ཚེས་ཉིན་དགོང་དྲོའི་ཆུ་ཚོད་༤ པའི་ཐོག བཞུགས་སྒར་དྷ་སའི་ན་ཊ་ར་ཇིའི་གསོལ་མགྲོན་ཁང་དུ། ཧི་མ་ལ་ཡའི་ཁུལ་གྱི་རྒྱ་གར་བ་དང༌། བལ་པོ། འབྲུག་པ་བཅས་ནང་པའི་སྐུ་ཚབ་ཁག་ཅིག་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་གནང་རྒྱུ་ཞལ་བཞེས་ཐོབ་པར་༸གོང་ས་མཆོག་བཀའ་དྲིན་ཞུ་ཆེད་དང་སྐུའི་ཡང་སྲིད་ཐད་རྒྱ་དམར་གཞུང་གིས་ཇུས་ངན་གཤོམ་བཞིན་པར་དགག་པ་དང་ངོ་རྒོལ་བྱེད་པའི་དོན་ཚན་གསུམ་ཅན་གྱི་གྲོས་ཆོད་ཅིག་བཞག་གནང་བའི་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།
གྲོས་ཆོད་དེའི་ནང་འཁོད་དོན། རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་འབྲེལ་ཡོད་མང་ཚོགས་ཀྱི་མངོན་འདོད་བཅོས་མིན་གྱི་ལམ་ནས་ཐག་གཅོད་བྱེད་པར་ངོས་འཛིན་གྱིས་དེ་དོན་ཡོང་བའི་མོས་མཐུན་བྱེད། ཅེས་ཞལ་བཞེས་བཟང་པོ་བཀའ་དྲིན་སྨིན་སྩོལ་གྱི་གསུང་འཕྲིན་བསྩལ་གནང་བྱུང་བར། བདག་ཅག་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པར་ཚོགས་ཞུགས། ཧི་མ་ལ་ཡའི་ས་ཁུལ་ཁག་སོ་སོ་ནས་ཕེབས་པའི་ཆོས་ལུགས་ཆོས་བརྒྱུད་རིས་མེད་ཀྱི་ཚོགས་བཅར་རྒྱ་གར་བ་དང་། བལ་པོ། འབྲུག་པ་བཅས་ཀྱི་བླ་ཆེན་དང༌། སྤྲུལ་སྐུ། མཁན་པོ་རྣམ་པ་བཅས་སྤྱི་ཡོངས་ནས་མགྲིན་དབྱངས་གཅིག་གྱུར་གྱིས་མགོན་པོ་ཐུགས་རྗེ་ཅན་ལ་ཐུགས་རྗེ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་སྦྲགས། དམིགས་བསལ་ལྷན་ཚོགས་ཤིག་བསྐྱངས་འབྲས་གཤམ་གསལ་དོན་གནད་ཁག་ལ་སྤྱི་མོས་བྱུང་།
༡༽ བདག་ཅག་རྒྱ་གར་དང༌། བལ་ཡུལ། འབྲུག་བཅས་ཀྱི་ནང་པའི་རྗེས་འཇུག་ཡོངས་ཀྱིས་རིང་ནས་བདག་ཅག་རྣམས་ཀྱི་འདི་ཕྱིའི་མགོན་སྐྱབས་དམ་པ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་གསོལ་བ་ཕུར་ཚུགས་སུ་ཡང་ཡང་བཏབ་པའི་མངོན་འདོད་ཀྱི་འབྲས་བུར། ད་ལམ་མགོན་པོ་མཆོག་གིས་བསྩལ་གནང་བའི་གསུང་འཕྲིན་རིན་པོ་ཆེའི་དགོངས་དོན་ཆ་ཚང་ལ་གུས་འབངས་ཡོངས་ནས་སྤྱི་མོས་ཀྱིས་རྒྱབ་སྐྱོར་དང་འབྲེལ། གསུང་འཕྲིན་འདི་ཉིད་ཕྱོགས་གང་སར་གསལ་བསྒྲགས་རྒྱ་གང་ཆེ་ཞུ་རྒྱུ་ཡིན།
༢༽ ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུ་ཕྲེང་རྒྱུན་མཐུད་ཇི་ལྟར་ཕེབས་རྒྱུ་ནི། བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན་ཡང་། སྐྱེ་བ་སྔ་ཕྱི་གཏན་ནས་ཁས་མི་ལེན་ཞིང༌། ཆོས་དུག་ཡིན་པར་ལྟ་མཁན་གྱི་རྒྱ་ནག་དམར་གཞུང་གིས་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནར་དམིགས་ནས་འབྱུང་འགྱུར་༸རྒྱལ་བའི་སྐུ་ཕྲེང་རིམ་བྱོན་ཕེབས་ཕྱོགས་ཐད་ཇུས་ངན་སྣ་ཚོགས་གཤོམ་སྒྲོག་བྱས་དང་བྱེད་བཞིན་པ་དེའི་རིགས་ལ་མཐའ་གཅིག་ཏུ་དགག་རྒྱག་དང་ངོ་རྒོལ་བྱ་རྒྱུ་མ་ཟད། བྱ་ངན་དེའི་རིགས་དུས་ནམ་ཡང་ངོས་ལེན་བྱ་ཐབས་མེད་ངེས་ཡིན།
༣༽ འཛམ་གླིང་ས་ཕྱོགས་གང་སར་གནས་པའི་རྒྱ་གར་བ་དང་། བལ་པོ། འབྲུག་པ་སོགས་ནང་པའི་རྗེས་འཇུག་དད་ལྡན་རྒྱ་ཆེའི་མང་ཚོགས་ཡོངས་ནས་༸གོང་ས་ྋསྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གི་བཞེད་དགོངས་ཟབ་མོ་ཇི་བཞིན་འགྲུབ་ཐབས་ལ་ཕྱར་གྲུ་མཉམ་འདེགས་ཞུ་སླད། བོད་རིགས་སྤུན་ཟླ་རྣམས་དང་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་འབད་འབུངས་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡིན་པའི་སྤྱི་མོས་གྲོས་ཆོད་དུ། བོད་ཀྱི་ཆོས་ཚོགས་ཐེངས་བཅོ་ལྔ་པར་ཚོགས་བཅར་རྒྱ་གར་བ་དང༌། བལ་པོ། འབྲུག་བཅས་ཀྱི་ཁོངས་གཏོགས་བླ་ཆེན་དང་། སྤྲུལ་སྐུ། མཁན་པོ་ཀུན་སྤྱི་ཡོངས་ནས་མགྲིན་དབྱངས་གཅིག་གྱུར་གྱིས་ཕྱི་ལོ་༢༠༢༥ ཟླ་ ༧ ཚེས་ ༤ ཉིན་གཏན་འབེབས་བྱས། ། ཞེས་བཀོད་འདུག
ཧི་མ་ལ་ཡའི་ཁུལ་གྱི་རྒྱ་གར་བ་དང༌། བལ་པོ། འབྲུག་པ་བཅས་ཀྱི་དགོན་པ་དཀྱིལ་དགོན་པའི་ལོ་ཆེན་སྤྲུལ་སྐུ་བསྟན་འཛིན་སྐལ་བཟང་རིན་པོ་ཆེ་མཆོག ཏ་པོ་དགོན་པའི་སེར་ཀོང་མཚན་ཞབས་ཐུགས་སྲས་རིན་པོ་ཆེ་མཆོག སེ་ར་བྱེས་ཀྱི་མཁན་པོ་བཀྲ་ཤིས་ཚེ་ཐར་ལགས། དགའ་ལྡན་ཤར་རྩེའི་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས། ཁྲ་མགུ་དགོན་པའི་མཁན་པོ་ཀརྨ་དགེ་འདུན་ལགས། འབྲས་སྤུངས་སྒོ་མང་གི་དགེ་བཤེས་བླ་མ་ཆོས་འཕེལ་བཟོད་པ་ལགས། ཤྲི་ཆུ་བཟང་དགོན་པའི་ཆུ་བཟང་རིན་པོ་ཆེ་མཆོག དགའ་ལྡན་བྱང་རྩེའི་མཁན་པོ་འཇིགས་མེད་ལམ་བཟང་ལགས། ཚེ་མཆོག་གླིང་གི་ཚེ་མཆོག་གླིང་སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་མཆོག དགའ་ལྡན་བྱང་རྩེའི་གསེར་ཀོང་རྡོ་རྗེ་འཆང་རིན་པོ་ཆེ་མཆོག ཞེ་ཆེན་དགོན་གྱི་མཁན་པོ་བཀྲ་ཤིས་ཚེ་རིང་ལགས། སྨིན་གྲོལ་གླིང་དགོན་གྱི་མཁན་པོ་ཐེག་མཆོག་ལགས། ཞི་བྱེད་གླིང་དགོན་གྱི་གདུང་འཛིན་དམ་པ་སངས་རྒྱས་ལགས། བཀའ་བརྒྱུད་དགོན་གྱི་ཡེ་ཤེས་རྒྱ་མཚོ་ལགས། ཀོ་པན་བཙུན་མགོན་གྱི་དགེ་བཤེས་མ་བྱང་ཆུབ་རྒྱལ་མོ་ལགས། ཀརྨ་བཀྲི་ཤིས་དགོན་གྱི་མཁན་པོ་ཤེས་རབ་རྒྱལ་མཚན་ལགས། བཙུན་དགོན་འཇམ་དབྱངས་ཆོས་གླིང་གི་དགེ་བཤེས་མ་བསྟན་འཛིན་བདེ་ལྡན་ལགས་བཅས་ནས་གྲོས་ཆོད་དེར་མཚན་རྟགས་བཀོད་ཡོད་འདུག