03
Wed, Dec
5 རྩོམ་གསར།

འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཡུ་རོབ་རྒྱལ་ཁབ་ཁག་ནང་བོད་ནང་གི་དངོས་ཡོད་གནས་ཚུལ་སྐོར་འགྲེལ་བརྗོད་གནང་འདུག

དགེ་འདུན་འཇམ་དབྱངས་སྦྱིན་པ་ལགས།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ ཟླ་༦ ཚེས་༢༤ ཉིན། ཕྱི་ལོ་༢༠༠༨ལོར་རྒྱལ་སྤྱིའི་གསར་འགོད་པ་བོད་ནང་སླེབ་སྐབས་རང་སྲོག་བློས་གཏོང་གིས་ངོ་རྒོལ་སྣེ་ཁྲིད་བྱེད་མཁན་དགེ་འདུན་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཉེ་ཆར་ཡུ་རོབ་རྒྱལ་ཁབ་ཁག་ནང་གི་དབུ་ཁྲིད་མཇལ་འཕྲད་དང་། ཧྥ་རན་སིའི་བརྙན་འཕྲིན་ཁག་གཉིས་ནང་བོད་ནང་རྒྱ་དམར་གཞུང་གིས་སྲིད་བྱུས་པ་ངན་པ་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པའི་སྐོར་དང་། ཁོང་རང་ཉིད་ཀྱི་ཨ་ནེ་དང་སྤུན་མཆེད་གཙོས་པའི་བོད་མི་༡༥༧ གྱིས་རྒྱ་དམང་གཞུང་ལ་ངོ་རྒོལ་དང་བོད་རང་དབང་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་པའི་སྐོར་སོགས་ཡར་ཞུས་དང་འགྲེལ་བརྗོད་གནང་ཡོད་འདུག

དེ་ཡང་། ཕྱི་ལོ་༢༠༢༥ལོའི་ཟླ་༦་པའི་ནང་། ཕྱི་ལོ་༢༠༠༨ལོར་རྒྱལ་སྤྱིའི་གསར་འགོད་པ་བོད་ནང་སླེབ་སྐབས་རང་སྲོག་བློས་གཏོང་གིས་ངོ་རྒོལ་སྣེ་ཁྲིད་བྱེད་མཁན་དགེ་འདུན་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཡུ་རོབ་རྒྱལ་ཁབ་ཁག་ནང་གི་དབུ་ཁྲིད་མཇལ་འཕྲད་དང་། ཧྥ་རན་སིའི་བརྙན་འཕྲིན་ཁག་གཉིས་ནང་བོད་ནང་རྒྱ་དམར་གཞུང་གིས་སྲིད་བྱུས་པ་ངན་པ་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པའི་སྐོར་དང་། ཁོང་རང་ཉིད་ཀྱི་ཨ་ནེ་དང་སྤུན་མཆེད་གཙོས་པའི་བོད་མི་༡༥༧ གྱིས་རྒྱ་དམང་གཞུང་ལ་ངོ་རྒོལ་དང་བོད་རང་དབང་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་པའི་སྐོར། དེ་བཞིན་རྒྱ་དམར་གཞུང་གིས་བོད་(Tibet) ཅེས་པའི་མིང་འདི་འཛམ་གླིང་ནས་རྩ་མེད་བཟོ་ཐབས་བྱས་དང་བྱེད་བཞིན་ཡོད་པའི་སྐོར་སོགས་ཡར་ཞུས་དང་འགྲེལ་བརྗོད་གནང་ཡོད་འདུག

དགེ་འདུན་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་བརྗོད་དོན། ཉེ་ཆར་ཡུ་རོབ་རྒྱལ་ཁབ་འགར་འགྲོ་སྐབས་དང་བསྟུན་ཏེ་གྲོགས་མགོན་པོ་དང་ལྕམ་སེ་ལི་ནེ་(celine) སོགས་ཀྱི་རོགས་རམ་ལ་བརྟེན་ནས། ཕྱི་ལོ་༢༠༢༥ ཟླ་༦་པའི་ནང་ཧྥ་རན་སིའི་རླུང་འཕྲིན་ཁང་ཨང་དང་པོ་(France Inter)་ཞེས་པའི་ནང་གསར་འགོད་པ་NathanaëlCharbonnierལགས་ཀྱིས་གུས་པར་བཅར་འདྲི་དང་། རྗེས་སུ་ཧྥ་རན་སིའི་གཞུང་གཉེར་བརྙན་འཕྲིན་ཁང་གྲགས་ཅན་(France 24)་ཞེས་པའི་གསར་འགོད་པ་(Marc Perelman) ལགས་ཀྱིས་བཅར་འདྲི་ཞུས་སོང་།

བཅར་འདྲི་ནང་དུ་། ང་རང་གདུག་རྩུབ་ཆེ་ཞིང་སྐྱུགས་བྲོ་བའི་རྒྱ་གཞུང་གི་བྱ་སྤྱོད་ལ་ཡིད་གཏན་ནས་མ་རངས་པར། ཉེན་ཁའི་ཁྲོད་ལྐོག་ནས་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་འཚེམ་དྲུབ་ཀྱིས་མཐར་བློས་ཐུབ་གྲོགས་པོ་འགའ་དང་ལྷན་དུ་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་སྣེ་ཁྲིད་བྱས་པའི་སྐོར་གྱི་སྔ་ཕྱིའི་གནས་སྟངས་དང་དཀའ་ངལ་ཅི་བྱུང་སྐོར། རང་ཉིད་ཀྱི་སྤུན་མཆེད་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་ཕྱི་ལོ་༢༠༡༢་ལོའི་ཟླ་༡༡ ཚེས་༢༧ ཉིན་དང་ཨ་ནེ་བཀྲ་ཤིས་སྐྱིད་ལགས་ཀྱིས་ཕྱི་ལོ་༢༠༡༥་ཟླ་༨ ཚེས་༢༧ ཉིན་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གནང་བས་གཙོས་བོད་ནང་གཅིག་པུར་བོད་མི་༡༥༧ གྱིས་འཚེ་མེད་ཞི་བའི་སྒོ་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བ་འདི་ནི་འཛམ་གླིང་འདིའི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གནས་ཚུལ་ཤིན་ཏུ་ནས་དམིགས་བསལ་བ་ཞིག་ཆགས་ཡོད་པ། འདི་ནི་རྒྱ་གཞུང་གི་གཉའ་གནོན་གྱི་ཟབ་ཚད་མཚོན་གྱི་ཡོད་སྐོར་དང་། བོད་མི་ས་ཡ་དྲུག་ཙམ་གྱི་ནང་མི་གྲངས་འདི་ཙམ་བྱུང་བ་དེ་ནི་རྒྱ་རིགས་ཆེན་པོའི་གྲངས་ཀ་ལ་དཔགས་ན་རྒྱ་མི་ཁྲི་ཚོ་ཁ་ཤས་ཀྱིས་མེར་སྲེག་བཏང་བ་དང་གཅིག་པ་ཆགས་ཀྱི་ཡོད་པ་ཤེས་སམ།

གོ་མཚོན་གྱིས་འཛམ་གླིང་ལ་སྡིགས་ར་བསྐུལ་བཞིན་པའི་དུས་སྐབས་འདིར། བོད་མི་ཚོས་ད་དུང་ཡང་འཚེ་མེད་ཞི་བའི་སྒོ་ནས་བློས་གཏོང་བྱས་པ་འདིར་སྣང་མེད་བསྐྱུར་འཇོག་མི་བྱེད་པར། རང་དབང་དང་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་གིས་ང་ཚོར་བདེན་པའི་རྒྱབ་ལངས་དང་དཔང་པོ་གནང་རྒྱུ་གལ་ཆེན་ཡིན་པའི་སྐོར་དང་། ད་བར་རང་ལུས་མེར་སྲེག་གི་གནས་སྟངས་ཐད་རྒྱལ་སྤྱིའི་སྟེང་ང་ཚོར་ངོ་སོ་དང་ངོས་འཛིན་ཙམ་ཡང་རག་མེད་པ་འདི་ནི་ཤིན་ཏུ་ཐབས་སྐྱོ་དགོས་པ་ཞིག་ཆགས་ཡོད། འདི་ལྟར་རྒྱ་གཞུང་ལྟ་བུ་ངན་པ་ལངས་ཤོར་ལ་བཏང་སྟེ་འཛམ་གླིང་སྟེང་འཚེ་མེད་ཞི་བའི་སྒོ་ནས་དཀའ་ངལ་ཁག་སེལ་ཐབས་བྱེད་པའི་འཐབ་རྩོད་ལ་རྒྱལ་སྤྱིའི་སྟེང་རྒྱབ་སྐྱོར་མ་གནང་བར་རྩ་མེད་དུ་ཕྱིན་ཚེ་དེའི་འགན་ཁུར་ནི་རྒྱལ་ཁབ་ཚང་མར་ཡོད་པའི་སྐོར་སོགས་དང་།

ཡང་ཕྱི་ལོ་༢༠༠༨གྱི་རྗེས་ནས་བཟུང་རྒྱ་དམར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མངོན་གསལ་གྱིས་བཏང་སྟེ། ད་ལྟར་བོད་ཀྱི་ཆོས་རིག་གི་རྩ་བ་དགོན་སྡེ་ཁག་ལ་བཅོས་སྒྱུར་དང་གྲྭ་རྒྱུན་གྱི་ཡོང་ཁོངས་ལ་སྟངས་འཛིན་དང་བཀག་སྡོམ། བྱིས་པ་རྣམས་ཆུང་དུས་ནས་བཅའ་སྡོད་སློབ་གྲྭར་བསྐྱལ་ཏེ་བོད་མི་རིགས་འཆི་ལམ་དུ་རྫོང་བའི་རྒྱ་བསྒྱུར་སྲིད་ཇུས་སོགས་མགྱོགས་ནས་མྱུར་དུ་སྤེལ་བཞིན་ཡོད་ལ། མཐའ་ན་ཡོངས་གྲགས་བོད་(Tibet)ཅེས་པའི་མིང་ཡང་འཇིག་རྟེན་འདིའི་སྟེང་གསོན་པོར་གནས་པར་རྒྱ་གཞུང་གིས་བསམ་ཤེས་བྱ་ཐུབ་ཀྱི་མེད། རྒྱ་གཞུང་གི་གུ་དོག་པའི་བསམ་བློ་དང་ཁྱབ་བསྒྲགས་རྫུན་མའི་འོག་འཚར་ལོངས་བྱུང་བའི་རྒྱ་རིགས་ཤེས་ཡོན་པ་དང་མི་དམངས་ཙམ་དུ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུའང་རྒྱ་གཞུང་ལ་བདེན་ཁ་སྤྲོད་བཞིན་པ་ནི་བློ་ཕམ་གྱི་རང་བཞིན་ཡིན་པའི་སྐོར་སོགས་གཙོ་འདོན་གྱིས་བཤད་ཡོད། ཅེས་དང་།

ཁོང་ཚོའི་ཚུར་དྲི་བ་གཙོ་བོ་ཞིག་ནི་མ་འོངས་པའི་༸རྒྱལ་བའི་ཡང་སྲིད་སྐོར་ལ་ལྟ་སྟངས་དང་། རྒྱ་གཞུང་ལ་གདོང་ལེན་ཇི་ལྟར་བྱ་སྟངས་སྐོར་འདི་རེད། དེའི་ཐད་༸རྒྱལ་བ་དོན་གྱི་བདག་པོའི་ལམ་སྟོན་བཀའ་སློབ་གནང་ཡོད་པ་གཞིར་བཞག་གི་ཐོག་འགྲོ་དགོས་ཚུལ་སོགས་དང་། རྒྱ་གཞུང་ལ་དེའི་ཐོག་ཐོབ་ཐང་གང་ཡང་མེད་པས་ཁོང་ཚོའི་ཧམ་བཤད་ལ་ང་ཚོ་ཐུན་མོང་གིས་ཁ་གཏད་གཅོག་དགོས་པ་གལ་ཆེ་ཚུལ་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུའང་རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་གནོན་ཤུགས་སྤྲོད་བཞིན་པར་གདོང་ལེན་དགོས་པའི་འབོད་སྐུལ་དང་སྦྲགས། སྤྱིར་ན་དེང་གི་སྤྱི་ཚོགས་འདིར་ཕྱི་དངོས་པོ་ཡར་རྒྱས་དང་མཉམ་དུ་ནང་བསམ་བློས་རྗེས་མ་ཟིན་པར་དཀའ་ངལ་འཕར་མ་འཕྲད་བཞིན་པའི་སྐབས་སུ། བོད་ཀྱི་རིག་གཞུང་ལ་བདག་གཅེས་དང་སྲུང་སྐྱོབ་བྱེད་པ་ནི་བོད་མི་ཙམ་གྱི་གནད་དོན་ཞིག་མིན་པར་འཛམ་གླིང་གི་བདེ་དོན་དང་འབྲེལ་བ་ཡོད་པའི་ལས་དོན་དམིགས་བསལ་བ་ཞིག་ཆགས་ཡོད་པའི་སྐོར་སོགས་ཀྱང་དྲན་སྐུལ་གྱི་ཚུལ་དུ་ཞུ་རྒྱུ་བྱུང་སོང། ཞེས་འགྲེལ་བརྗོད་གནང་སོང་།

ཁོང་གིས་མུ་མཐུད་ནས་བརྗོད་དོན། དེ་བཞིན་ཕེ་རི་སིའི་གྲོང་སྡེའི་སྤྱི་ཁྱབ་པ་ཇེན་ལུ- རོ་མན་རོ-མི་ཁིལ(Jean-Luc Romero-Michel) ལགས་ལ་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་། རང་ཉིད་སྒེར་གྱི་མྱོང་བ་དང་བོད་ཀྱི་གནས་སྟངས་སྐོར་ཞུ་རྒྱུའི་གོ་སྐབས་བྱུང་། སྐབས་དེར་བོད་དོན་སྐོར་ལ་སྔར་ལས་ལྷག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པ་བཞིན་ཞལ་བཞེས་ཀྱང་གནང་སོང་། དེ་དང་ལྷན་དུ་ཁོང་གིས་བོད་མི་ཚོས་བོད་དོན་དང་འབྲེལ་བའི་ལས་འགུལ་ཤུགས་ཆེ་ཙམ་སྤེལ་དགོས་པ་མ་ཟད། ཧོང་ཀོང་དང་ཡུ་གུར། ཐེ་ཝན་སོགས་དང་མཉམ་འབྲེལ་ཀྱིས་ཐུན་མོང་གི་ནུས་ཤུགས་འདོན་ཐབས་བྱེད་དགོས་པ་གལ་ཆེན་ཡིན་པའི་སྐོར་ནན་གྱིས་གསུངས་སོང་།

དེ་དང་ཕྱོགས་མཚུངས་གཙོ་ཆེ་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་བོད་རང་དབང་སློབ་ཕྲུག་ཚོགས་པ་དང་། སུད་སིའི་ཛུ་རཱིཀ་ཏུ་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་གཙོ་བོ་བོད་རིགས་གཞོན་སྐྱེས་རྣམ་པར་རང་ཉིད་ཀྱི་མྱོང་བ་དང་བློས་གཏོང་གི་རྒྱུད་རིམ་དང་འབྲེལ་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། ང་ཚོ་བོད་པ་ཡིན་པའི་སྤོབས་པ་དགོས་པ་དང་།ལྷག་དོན་༸རྒྱལ་བའི་བཀའ་དགོངས་ཐོག་ཐད་བསྐྱོད་དགོས་པ་གལ་ཆེ་བའི་སྐོར་དང་། ཡང་ཕྱོགས་གཅིག་ནས་ང་ཚོའི་སྤྱི་ཚོགས་ཁྲོད་རང་ལུས་མེར་སྲེག་སྐོར་ནས་ཤེས་རྟོགས་ཧ་ཅང་ཞན་པོ་ཡིན་སྟབས། ངེས་པར་དུ་དཔའ་བོའི་བློས་གཏོང་དང་འབོད་སྒྲ་ཁག་ལ་ཚང་མས་སློབ་སྦྱོང་གིས་སེམས་ནང་ལ་ཚོར་བ་དང་ཤེས་རྟོགས་ཡོད་པ་ཞིག་དགོས་པ་ནང་ཁུལ་མཐུན་ལམ་དང་སྤྱི་དོན་གང་ཐད་ནས་ཤིན་ཏུ་གལ་ཆེ་བའི་སྐོར་དང་། གཞོན་སྐྱེས་ཚོས་རང་གི་སྐད་ཡིག་ལ་ཤུགས་སྣོན་རྒྱག་དགོས་པའི་གལ་ཆེའི་རང་བཞིན་སོགས་ཀྱི་སྐོར་ནས་གཏམ་བཤད་དང་དྲི་བ་དྲིས་ལན་གྱི་གོ་སྐབས་བཟང་བོ་ཞིག་ཀྱང་ཐོབ་སོང་། ཞེས་འགྲེལ་བརྗོད་གནང་སོང་།