13
Thu, Jun

ཕྱི་ལོ་༢༠༢༤ ཟླ་༤ ཚེས་ ༡ ཉིན། བོད་སོག་འབྲེལ་ལམ་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཚོགས་འདུ་དབུ་འཛུགས་གནང་སྐབས་རུ་སོག་སྐུ་ཚབ་དོན་གཅོད་ཏི་ལོ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ་༤ ཚེས་ ༡ ཉིན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། རུ་སོག་དོན་གཅོད་ལས་ཁུངས། ཏེ་ལོ་རིན་པོ་ཆེའི་ཆོས་ཚོགས་གསུམ་བཟུང་འབྲེལ་ཐོག་ ༼བོད་སོག་འབྲེལ་ལམ་༽ དུས་རབས་༢༠་ནས་བཟུང་བོད་སོག་འབྲེལ་ལམ་ཆད་པའི་རྒྱུ་རྐྱེན་དང་། བསྐྱར་གསོ་ཡོང་བའི་བརྒྱུད་རིམ། མ་འོངས་པ་འཕེལ་ཕྱོགས་སྐོར་གླེང་བ། ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་དབུ་འཛུགས་གནང་སོང་། སྐབས་དེར། ཏེ་ལོ་རིན་པོ་ཆེ་མཆོག་གིས་བོད་ཀྱི་གྲོགས་རྙིང་ཤོས་དང་མཐུན་གྲོགས་ནི་སོག་པོ་ཡིན་པ་དང་། བོད་སོག་གཉིས་ཀྱི་འབྲེལ་ལམ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་དགོས་པ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

དེ་ཡང་། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། རུ་སོག་དོན་གཅོད་ལས་ཁུངས། ཏེ་ལོ་རིན་པོ་ཆེའི་ཆོས་ཚོགས་གསུམ་བཟུང་འབྲེལ་ཐོག་ ༼བོད་སོག་འབྲེལ་ལམ་༽ དུས་རབས་༢༠་ནས་བཟུང་བོད་སོག་འབྲེལ་ལམ་ཆད་པའི་རྒྱུ་རྐྱེན་དང་། བསྐྱར་གསོ་ཡོང་བའི་བརྒྱུད་རིམ། མ་འོངས་པ་འཕེལ་ཕྱོགས་སྐོར་གླེང་བ། ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་དབུ་འཛུགས་གནང་སོང་། དབུ་འབྱེད་མཛད་སྒོའི་ཐོག རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་འགན་འཛིན་གཞོན་པ་ཛམ་ལྟ་བསྟན་པ་རྒྱལ་མཚན་ལགས། དེ་བཞིན་ཉིན་གཉིས་ཀྱི་ཚོགས་འདུ་ཆེད་དུ་ཕེབས་པའི་བོད་སོག་གཉིས་ཀྱི་མཁས་པ་དང་འཛུལ་ཞུགས་གནང་མཁན་ཁྱོན་མི་གྲངས་༦༠་ལྷག་མཉམ་ཞུགས་གནང་འདུག

མཛད་སྒོའི་ཐོག་མར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་བོད་སོག་གི་འབྲེལ་ལམ་ནི་ལོ་རྒྱུས་ཡུན་རིང་ལྡན་པ་དང་དམིགས་བསལ་ཆོས་འབྲེལ་ཐོག་ནས་འབྲེལ་བ་བཟང་པོ་ཡོད་སྐོར་དང་། དེ་བཞིན་རྒྱ་ནག་དམར་ཕྱོགས་ནས་བོད་སོག་གཉིས་ཀར་དམག་བརྒྱབས་ནས་སྡུག་པོ་མྱོང་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་། བོད་སོག་གཉིས་ཀྱི་འབྲེལ་ལམ་སྐོར་མུ་མཐུད་ཚོགས་འདུ་འདི་ལྟ་བུ་འཚོགས་རྒྱུ་ཡིན་སྐོར་ཡང་གསུངས་སོང་།

དེའི་རྗེས། ཏེ་ལོ་རིན་པོ་ཆེ་མཆོག་གིས་ཁོང་གི་སྐུ་ཚེའི་ལོ་རྒྱུས་སྐོར་ནས་གསུང་དོན། ཁོང་ཨ་རིར་སོག་པོ་མི་རྒྱུད་ནས་འཁྲུངས་པ་དང་དེ་ནས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པ་ནས་ནང་ཆོས་སློབ་གཉེར་གནང་ནས་འཚར་ལོངས་བྱུང་ཞིང་། དེ་ནས་རུ་སོག་སྐུ་ཚབ་དོན་གཅོད་གནང་དང་གནང་མུ་ཡིན་སྐོར་གསུངས་སོང་། དེ་ནས་ཁོང་གིས་བོད་པ་ནང་བཞིན་སོག་པོ་ཡང་རྒྱ་ནག་དམར་ཕྱོགས་འོག་སྡུག་པོ་མྱོངས་ཡོད་སྐོར། བོད་སོག་གཉིས་ཀ་སྔ་མོ་ནས་འབྲེལ་ལམ་ཡག་པོ་ཡོད་སྐོར་དང་སོག་པོ་ནི་བོད་ཀྱི་མཐུན་གྲོགས་རྙིང་དེ་ཡིན་སྐོར། སྐབས་ཤིག་ལ་བོད་སོག་གཉིས་ཀྱི་འབྲེལ་ལམ་ཉམས་ཡོད་སྐོར། འོན་ཀྱང་། བོད་སོག་གཉིས་ཀྱི་འབྲེལ་ལམ་བསྐྱར་དུ་སྤྱི་ནོ་༸གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་རྒྱ་གར་བཙན་བྱོལ་དུ་ཕེབས་རྗེས་བསྐྱར་གསོ་བྱུང་ཡོད་སྐོར། བོད་པའི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་གི་ནང་དུ་སོག་པོ་སློབ་གཉེར་བ་མང་པོ་ནང་ཆོས་སྦྱོང་བཞིན་ཡོད་སྐོར། ཚོགས་འདུ་འདི་བརྒྱུད་ནས་འཛུལ་ཞུགས་པ་རྣམས་ཀྱིས་བོད་སོག་གཉིས་ཀྱི་འབྲེལ་བ་ལེགས་པའི་རྟོགས་པའི་རེ་བ་ཡོད་ཅེས་སོགས་གསུངས་སོང་།

ཉིན་གཉིས་ཀྱི་ཚོགས་འདུ་རིང་། སོག་པོ་མཁས་དབང་དང་། བོད་མི་མཁས་པ་ཁག་ཅིག་གིས་ཕྱི་ལོ་ ༡༩༠༠ ནས་ ༡༩༡༣ བར་བོད་དང་སོག་པོ་གཉིས་རྒྱ་ནག་མན་ཇུའི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་པའི་གནས་བབ། ཕྱི་ལོ་ ༡༩༡༡ ལོར་རྗེ་བཙུན་དམ་པས་སོག་ཡུལ་རང་བཙན་གསལ་བསྒྲགས་བསྐྱངས་བའི་གནས་སྟངས། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་གྱི་གནས་བབ་ལ་ངོས་འཛིན་ཐོབ་ཐབས་མཛད་ཚུལ་དང་ཆུ་གླང་རྩ་ཚིག་གི་གལ་གནད་སྐོར། སེ་ར་བྱེས་ཀྱི་སོག་པོའི་གྲྭ་རྒྱུན་དང་ད་ལྟའི་གནས་བབ། ཕྱི་ལོ་ ༡༩༧༩ རྗེས་ཀྱི་འབྲས་སྤུངས་སྒོ་མང་གི་སོག་པོའི་གྲྭ་རྒྱུན་སྐོར། སོག་ཡུལ་མི་སེར་རྒྱལ་ཁབ་ཀྱིས་བོད་དང་གཞུང་འབྲེལ་འབྲེལ་བ་འཛུགས་ཐབས་སྐོར། ཕྱི་ལོ་ ༡༩༧༩ ནས་ ༢༠༡༦ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས་བའི་གལ་གནད་སོགས་ཀྱི་སྐོར་གསུང་བཤད་དང་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།