16
Thu, May

ཕྱི་ལོ་ ༢༠༢༤ ཟླ་ ༤ པའི་ཚེས་ ༢༧ ཉིན། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་ནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲ་རྒྱ་དབུ་འབྱེད་གནང་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་ ༢༠༢༤ ཟླ་ ༤ པའི་ཚེས་ ༢༧ ཉིན། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཞི་བདེ་ཚོགས་ཁང་དུ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོག་ཐེངས་དགུ་པའི་དབུ་འཛུགས་གནང་སོང་། རྒྱ་གར་ས་གནས་༡༤་ནས་ཚོགས་མི་༤༡་ཕེབས་ཡོད་པ་དང་། ཉིན་གཉིས་ཀྱི་ཚོགས་འདུའི་རིང་སྔ་ལོར་བཞག་པའི་གྲོས་ཆོད་ཁག་བསྐྱར་ཞིབ་དང་ཚོགས་པ་དེའི་ཚོགས་གཙོ་གསར་པ་འོས་འདེམས་བྱ་རྒྱུ་ཡིན་འདུག

དེ་ཡང་། གོང་ཚེས་ཉིན་གྱི་༡༠ པའི་ཐོག། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཞི་བདེ་ཚོགས་ཁང་དུ།། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོག་ཐེངས་དགུ་པའི་དབུ་འཛུགས་གནང་སོང་། དབུ་འབྱེད་མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་དང་དེ་ནས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་དར་རྒྱས་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྐུ་ཚབ་དང་རྒྱ་གར་ས་གནས་༡༤་ནས་ཕེབས་པའི་ཚོགས་པ་དེའི་འགན་འཛིན་དང་ཚོགས་མི་༤༡་མཉམ་ཞུགས་གནང་འདུག

ཐོག་མར། ཚོགས་པ་དེའི་ཚོགས་གཙོ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ལོ་གཅིག་ལས་བསྡོམས་དང་འབྲེལ་བའི་གཏམ་བཤད་གནང་དོན། ཚོགས་པ་དེ་ཡིས་ལོ་གཅིག་ལྷག་གི་ནང་དུ་བོད་ནང་དུ་བོད་ཕྲུག་མང་པོ་ཞིག་རྒྱ་གཞུང་གིས་གཏན་སྡོད་སློབ་གྲྭའི་ནང་དུ་བཙན་གྱིས་རྒྱ་ཡིག་དང་རྒྱའི་རིག་གཞུང་ཁོ་ནའི་སློབ་བཞིན་ཡོད་པར་རྒྱལ་སྤྱིའི་ཐོག་གོ་རྟོགས་སྤེལ་ཡོད་པ་དང་རྒྱ་གཞུང་གིས་དེ་ལྟར་བྱེད་བཞིན་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་སྐོར་དང་། དེ་བཞིན་རྒྱ་གཞུང་གིས་བོད་ནང་གི་བོད་མི་མང་པོ་ཞིག་གི་འདོད་མོས་མེད་བཞིན་དུ་རིགས་རྫས་བཙན་ལེན་བྱས་ཡོད་པར་ངོ་རྒོལ་དང་དེར་མཐུན་སྦྱོར་བྱེད་མཁན་ཨ་རིའི་རིགས་རྫས་བརྟག་དཔྱད་ཡོ་ཆས་ཚོང་མཁན་ཐེར་མོ-ཧྥི་ཤིར་(Thermo Fisher) ཞུ་གཏུགས་དང་ངོ་རྒོལ་རིམ་པ་བྱས་ནས་ཚོགས་པ་དེ་ཡིས་ཡོ་ཆས་དེའི་རིགས་རྒྱ་ནག་ལ་འཚོང་རྒྱུ་མིན་པའི་ཐག་གཅོད་བྱུང་ཡོད་པ་ནི་རྒྱལ་ཁ་ཞིག་རེད། ཅེས་དང་།

དེ་ནས་ཁོང་གིས་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་གསུམ་བསྐྱར་གསོ་བྱེད་ཐུབ་ཡོད་པ་དང་། ཚོགས་པ་དེའི་དྲ་རྒྱ་འཕྲོག་བརླག་ཕྱིན་པ་དེ་གསར་བཟོ་བྱས་ཡིན་སྐོར། དེ་ནས་ཉིན་གཉིས་ཀྱི་ཚོགས་འདུ་རིང་ལོ་སྔོན་བཞག་པའི་གྲོས་ཆོད་རྣམས་བསྐྱར་ཞིབ་བྱ་རྒྱུ་ཡིན་སྐོར་སོགས་ཀྱི་ལས་བསྡོམས་གཏམ་བཤད་གནང་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དེའི་དྲ་རྒྱ་དབུ་འབྱེད་གནང་སོང་། དེའི་རྗེས། ཚོགས་པ་དེ་ཡིས་རྒན་རྒྱལ་ལོ་ལགས་དང་བོད་དོན་ལས་འགུལ་བལྟེ་གནས་ཁང་ནས་རྒྱ་དམར་གཞུང་གི་བོད་ནང་བཅའ་སྡོད་སློབ་གྲྭ་གསར་འཛུགས་ཀྱི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས། སྐད་ཡིག རིག་གཞུང་སོགས་རྩ་མེད་བཟོས་རྒྱུའི་བསམ་ངན་རྩུབ་སྤྱོད་འདི་དག་རྒྱལ་སྤྱིའི་ཐོག་ཏུ་གསལ་བཏོན་བྱས་པའི་བྱས་རྗེས་ལ་ཆེ་བསྟོད་གཟེངས་རྟགས་ཞིག་ཀྱང་ཕུལ་སོང་།

དེའི་རྗེས། སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ལྗགས་ཀློག་གནང་དོན། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྒྱལ་ཡོངས་འགན་འཛིན་ལྷན་ཚོགས་ཐེངས་དགུ་པའི་དབུ་འབྱེད་མཛད་སྒོའི་ཐོག་ཆེད་ཕེབས་གནང་བའི་སྐུ་མགྲོན་རྣམ་པ་དང་། ཚོགས་མི་རྣམ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་འཚམས་འདྲི་ཞུ་རྒྱུ་ཡིན།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་བཞིན་ཕྱི་ལོ་ ༡༩༩༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༢༡ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། “བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་གཞི་རྩའི་ལྟ་བ་དང་དམིགས་ཡུལ་གཅིག་པ་ཡིན་པ་གང་ཞིག་ལ། ནང་གི་དམིགས་ཡུལ་མང་གཙོའི་ལྟ་གྲུབ་ཡོད་པའི་ཚོགས་པ་དེ་འདྲ་དགོས་ཀྱི་རེད།” ཅེས་བཀའ་སློབ་ཕེབས་པའི་དགོངས་དོན་ལྟར། ཕྱི་ལོ་ ༡༩༩༢ ལོར་གཞོན་ནུ་ལྷན་ཚོགས་ནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འཛུགས་རྒྱུ་གཏན་འབེབས་བྱས་ནས། ཕྱི་ལོ་ ༡༩༩༤ ལོར་སྲིད་དོན་ཚོགས་པའི་ངོ་བོར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་དངོས་སུ་གསར་འཛུགས་གནང་བ་ཞིག་ཆགས་ཡོད། ད་ཐེངས་ཀྱི་ལྷན་ཚོགས་འདི་ནི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༣༠ འཁོར་ལ་ཉེ་བའི་དུས་ཚིགས་ཤིག་ཡིན་ལ། ལོ་ངོ་ ༣༠ རིང་ལ་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་སོ་སོའི་གྲོས་དོན་ལྟར་ད་བར་ཆོལ་ཁ་དང་ཆོལ་ལུགས་ཀྱི་ཕྱོགས་ཞེན་དུ་མ་སོང་བར་བོད་མི་གཞོན་སྐྱེས་ཀྱིས་གཙོས་མང་ཚོགས་བསྡུ་འཛོམས་སར་ཆེད་ལས་པ་དང་། གནད་ཡོད་མི་སྣ་གདན་ཞུས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ཆབ་སྲིད་ཀྱི་གོ་རྟོགས་གོང་མཐོར་གཏོང་ཆེད། གཏམ་བཤད་དང་། བགྲོ་གླེང་། ཟབ་སྦྱོང་སོགས་གང་མང་གོ་སྒྲིག་ཞུས་གནང་ཡོད།

དེ་བཞིན་བཙན་བྱོལ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་འོས་འགན་གཞིར་བཟུང་ཚོགས་པ་འདིའི་ངོས་ནས་ཀྱང་བོད་ནང་དུ་རྒྱ་གཞུང་གི་དྲག་གནོན་འོག་ཛ་དྲག་གནས་ཚུལ་ནམ་བྱུང་སྐབས་བོད་དོན་ཞུ་སྐུལ་དང་། བོད་དོན་བདེན་མཐའ་གསལ་ཐབས་ཆེད་ཞི་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་མུས་ཡིན། གཞུང་འབྲེལ་མིན་པའི་ཚོགས་པ་གཞན་དང་མི་འདྲ་བར་དམིགས་བསལ་གྱིས་ཚོགས་པ་འདི་ནས་སྲིད་དོན་ཚོགས་པའི་ངོ་བོའི་ཐོག་ནས་མི་མང་གི་ཐད་ཀའི་འོས་བསྡུའི་སྐབས་བཀའ་བློན་ཁྲི་པའམ་སྲིད་སྐྱོང་དང་། ཆོལ་ཁ་གསུམ་གྱི་སྤྱི་འཐུས་བཅས་ཀྱི་འོས་མི་བཏོན་ནས་མི་མང་ལ་འཚམས་སྦྱོར་དྲིལ་བསྒྲགས་སོགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་གནང་ཡོད། སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གནང་བའི་སྒྲིག་དོན་བཞིན་ཚོགས་པའི་ངོས་ནས་སྲིད་སྤྱི་གཉིས་ཀྱི་འོས་མི་སྟོན་མི་ཆོག་སྟབས། མི་མང་ལ་འོས་བསྡུ་དང་འབྲེལ་པའི་ལས་རིམ་ལ་མཉམ་ཞུགས་དང་འགན་འཁུར་དགོས་པའི་བགྲོ་གླེང་གཏམ་བཤད་གོ་སྒྲིག་མུ་མཐུད་གནང་ཡོད།

གོ་སྐབས་འདི་བརྒྱུད་ནས་དབུས་སྤྱི་ཁྱབ་རྒྱུན་ལས་རྣམ་པ་དང་། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་འབྲེལ་མཐུད་པ་དང་། དེ་བཞིན་ཡན་ལག་དང་། ཚོགས་མི་བཅས་ཚང་མར་བོད་ཀྱི་རྩ་དོན་ལ་སྨན་པའི་ཕྱག་ལས་གནང་བར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

མཐའ་མར། ཚོགས་པའི་ཚོགས་གཞོན་གྱིས་ཐུགས་རྗེ་ཆེའི་གཏམ་བཤད་གནང་ནས་དབུ་འབྱེད་མཛད་སྒོ་གྲོལ་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།