18
Thu, Apr

རྒྱལ་གཅེས་པ་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཨ་རིར་འབྱོར་སྟེ། བཟའ་ཟླ་དང་ནང་མི་མཉམ་འཛོམས། ཁོང་གི་བཟའ་ཟླ་དང་ལྷན་དུ། ཁོང་གི་བོད་དོན་གློག་བརྙན་འཇིག་བྲལ་ཕབ་ལེན་བྱེད་རོགས་ཆབ་སྲིད་བཙོན་ཟུར་གྲྭ་མགོ་ལོག་འཇིག་མེད་དང་ཕྲད་པའི་སྐབས་བཅས།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༧།༡༢།༢༩ཉིན་སྤེལ། དོན་གྲུབ་དབང་ཆེན་ལགས་ཨ་རིར་འབྱོར་མ་ཐག་ཁོང་གིས། ལོ་མང་གི་རྗེས་སུ་ང་ལ་ཉེན་མེད་བདེ་འཇགས་དང་རང་དབང་གི་འཚོ་བར་ལོངས་སུ་སྤྱོད་རྒྱུ་བྱུང་བ་དེ་རིང་ཐོག་མ་དེ་ཡིན། ཞེས་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན། <<འཇིགས་བྲལ>>ཞེས་པའི་གློག་བརྙན་ཕབ་བསྐྲུན་བྱེད་མཁན་དོན་འགྲུབ་དབང་ཆེན་ལགས་ཨ་རིའི་ཁ་ལི་ཧྥོར་ནེ་ཡའི་གྲོང་ཁྱེར་སན་ཧྥི་རན་སི་ཁོ་( San Francisco )ནང་འབྱོར་ཏེ་བཟའ་མི་རྣམས་ལྷན་འཛོམས་བྱུང་ཡོད་འདུག

ད་ལྟ་དགུང་ལོ་ ༤༣ ཡིན་པའི་དོན་གྲུབ་དབང་ཆེན་ལགས་ཨ་རིར་འབྱོར་མ་ཐག་ཁོང་གིས། ལོ་མང་གི་རྗེས་སུ་ང་ལ་ཉེན་མེད་བདེ་འཇགས་དང་རང་དབང་གི་འཚོ་བར་ལོངས་སུ་སྤྱོད་རྒྱུ་བྱུང་བ་དེ་རིང་ཐོག་མ་དེ་ཡིན།  སྙིང་ཉེ་བའི་ནང་མི་ཚོར་མགྱོགས་མྱུར་ངང་ཐུགས་འཕྲད་ཡོང་བའི་གོ་སྐབས་སྐྲུན་མཁན་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་། ཡིད་སྐྱོ་བ་ཞིག་ལ་རང་གི་ལུང་པ་རྒྱབ་ཏུ་བཞག་དགོས་བྱུང་སོང་། ཞེས་བརྗོད་འདུག

དེ་ཡང་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་དོན་འགྲུབ་དབང་ཆེན་དང་ཕྲད་སྐབས་ངོ་དེབ་བརྒྱུད་དེ་ཁོང་གིས་བརྗོད་པར། "ཡ། འདས་པའི་ཉམས་མྱོང་དང་། ད་ལྟའི་སྐྱིད་སྡུག མ་འོངས་པའི་ཕུགས་འདུན་སོགས་གཅིག་པའི་སྤུན་ཟླ་རྣམ་པ་ལགས། དེ་རིང་ཡང་ང་ཚོ་ཐེངས་གཅིག་དགའ་འོས་པའི་བྱ་དངོས་ཤིག་ལེགས་གྲུབ་བྱུང་བ་རེད། འོན་ཀྱང་འདི་ནི་ང་རང་ཚོའི་མཐར་ཐུག་གི་ཕུགས་འདུན་མིན་ལ། དེ་བས་ཀྱང་བྱ་བཞག་གི་མཇུག་བསྡོམས་ནི་ག་ལ་ཡིན། འདི་ནི་བདེན་དོན་ཆེད་དུ་ཤི་གསོན་གྱི་སོ་མཚམས་ནས་དྲང་བདེན་གྱི་གཡུལ་འགྱེད་ཐེངས་མང་བྱས་པའི་འབྲས་བུ་བྱེ་བྲག་པ་ཞིག་ཡིན་སྲིད་ལ། བདེན་པ་ལ་གཙིགས་ཆེར་འཛིན་མཁན་ཚོའི་རྒྱབ་སྐྱོར་གྱི་ནུས་པའང་ཡིན་སྲིད། འདི་ནི་ང་རང་གཉིས་ལ་མཚོན་ན། ངེད་གཉིས་ཀྱིས་རྒྱ་ནག་དམར་གཞུང་ལ་དྲང་བདེན་གྱི་བརྡ་ཞིག་བཏང་བའང་ཡིན་སྲིད། དངོས་གནས་བཤད་ན་ང་ཚོའི་མི་རིགས་འདི་ལ་བདེན་པ་ནི་རི་ལྟ་བུ་ཡོད་ལ། དེའི་ཕྱིར་དེ་ལ་བརྟེན་པའི་འཛད་མཐའ་མེད་པའི་སྟོབས་ཤུགས་ཡོད་པ་ནི་སྨྲོས་ཅི་དགོས། སྟོབས་ཤུགས་དེ་ལ་བརྟེན་པའི་རྒྱལ་ཁའང་མུ་མཐུད་ནས་འབྱུང་ངེས་ཡིན། དེའི་ཕྱིར་ད་ཐེངས་ཀྱི་བཀྲ་ཤིས་པའི་བྱ་དངོས་འདི་ཡང་རང་རེའི་གཟི་བརྗིད་ཅན་གྱི་རྒྱལ་ཁ་ཞིག་ལེགས་གྲུབ་བྱུང་བ་ཡིན། དེར་བརྟེན་ད་ཐེངས་ཀྱི་ལས་དོན་འདིའི་མགོ་མཇུག་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་སྙིང་ནས་བཀའ་དྲིན་དཔག་མེད་དུ་ཆེ། ཞུ་བ་དང་ཆབས་ཅིག་ཕྱི་ལོ་ ༢༠༡༨ ལོའི་གནམ་ལོ་གསར་བ་འདིའི་ནང་ཁྱེད་རྣམས་ཀྱི་བྱ་བ་ལམ་འགྲོ་དང་། ཅི་བསམ་ལེགས་འགྲུབ་འབྱུང་བ་དང་། ཁ་ལས་རླུང་རྟ་དར་བ་སོགས་ཀྱི་ཆེད་བཀྲ་ཤིས་སྨོན་འདུན་གྲངས་མེད་ཞུ། ཞེས་མགོ་ལོག་འཇིགས་མེད་ཀྱིས་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༢ པའི་ཚེས་ ༢༨ ཉིན་ཕུལ་བ་དགེའོ།། །། " ཞེས་འཁོད་དེ་གཏམ་བརྗོད་གནང་འདུག

དོན་གྲུབ་དབང་ཆེན་ལགས་ནས་ “འཇིགས་བྲལ་” ཞེས་པའི་དངོས་དོན་གློག་བརྙན་ཕབ་སྐྲུན་བྱས་པར་བརྟེན།  རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨  ཟླ་ ༣   ནང་ཟིང་སློང་རྒྱུད་སྐུལ་བྱེད་པའི་ནག་ཉེས་གཡོགས་ཏེ་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ཟླ་    ༦ ཚེས་ ༥ ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་བཙོན་ཁང་ནས་ཁོང་ཀློད་གྲོལ་བཏང་རྗེས། རྒྱ་གཞུང་ཉེན་རྟོག་པས་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཆེན་པོ་བྱས་ཡོད་པ་རེད།

དོན་གྲུབ་དབང་ཆེན་ལགས་ཀྱི་ལས་གྲོགས་གྲྭ་མགོ་ལོག་འཇིགས་མེད་ལགས་ཀྱང་སྐབས་དེར་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཏེ་མནར་གཅོད་ཚད་མེད་མྱངས་རྗེས། ཕྱི་ལོ་ ༢༠༡༤ ཟླ་ ༤ པའི་ནང་རྒྱ་གར་དྷ་རམ་ས་ལར་བདེ་འབྱོར་བྱུང་ཡོད་པ་དང་། ད་ལྟ་སུད་སིའི་ནང་གནས་སྡོད་ཀྱིས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་ཡ་ང་བའི་གནས་སྟངས་སོགས་ཀྱིས་མཚོན་པའི་བོད་ནང་རྒྱ་ནག་གཞུང་གིས་བཙན་གནོན་གདུག་རྩུབ་ཅན་གྱི་སྲིད་བྱུས་ག་འདྲ་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར་འཛམ་གླིང་ཐོག་ར་སྤྲོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

བོད་ནང་གི་བོད་མི་ཚོའི་དངོས་ཡོད་དཀའ་སྡུག་ཕབ་སྐྲུན་བྱས་པའི་འཇིགས་བྲལ་ཞེས་པའི་གློག་བརྙན་དེ། སུད་སིའི་ཛུས་རིག་གྲོང་ཁྱེར་དུ་རྟེན་གཞི་བྱས་ཡོད་པའི་དོན་གྲུབ་དབང་ཆེན་ལགས་ཀྱི་གཉེན་ཉེ་འཇམ་དབྱངས་ཚུལ་ཁྲིམས་ནས་གཙོ་གཉེར་གནང་སྟེ། བོད་དོན་གློག་བརྙན་ཚོགས་པ་ནས་འཛམ་གླིང་ཡོངས་སུ་ཁྱབ་སྤེལ་གནང་ཡོད་པ་དང་། དོན་གྲུབ་དབང་ཆེན་ལགས་འཛིན་བཟུང་བྱས་རྗེས། ཁོང་གི་བཟའ་ཟླ་ལྷ་མོ་མཚོ་ལགས་ནས་ཁོང་འཕྲལ་དུ་ཀློད་གྲོལ་ཡོང་ཆེད། རྒྱ་གར་ནང་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྡུས་པའི་ཉན་ཞིབ་ཚོགས་འདུ་དང་གཏམ་བཤད་བགྲོ་གླེང་སོགས་ཀྱི་སྟེང་། མོ་རང་གི་ཁྱོ་ག་གཙོ་བོར་གྱུར་བའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་དཀའ་སྡུག་དང་། བཙོན་པ་རྣམས་ཀྱི་ཁྱིམ་མི་གཉེན་འབྲེལ་ཚོའི་དཀའ་སྡུག་སོགས་ཀྱི་སྐོར་གཏམ་བཤད་དང་ཞི་འབོད་ཀྱི་ལས་འགུལ་སྣ་མང་སྤེལ་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོར་སྲིད་དོན་སྐྱབས་བཅོལ་བའི་ངོ་བོའི་ཐོག་ནས་མ་བུ་ཚོ་ཨ་རིར་གནས་སྤོ་བྱས་ཡོད་པ་རེད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།