19
Fri, Apr

དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་བོད་མི་རྣམས་ལ་གསུང་བཤད་གནང་བཞིན་པ། པར་དབང་དབུས་བོད་མིའི་སྒྲིག་འཛུགས་ལ་ཡོད།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་བོད་མི་རྣམས་ལ་རེས་གཟའ་ཉི་མའི་ཉིན་གསུང་བཤད་གནང་སྐབས་སྲིད་སྐྱོང་མཆོག་གིས། ཕྱི་ལོ་༡༩༦༠རེ་གྲངས་སྐབས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ནང་ཁུལ་དམ་ཚིག་ཟོང་ཁ་ཆིག་སྒྲིལ་དགོས་གལ་བཀའ་སློབ་རབ་དང་རིམ་པ་སྩལ་ཡོད་པ་ལུང་འདྲེན་གྱིས་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མ་བྱེད་རོགས། ཞེས་འབོད་སྐུལ་གནང་ཡོད་འདུག

དེ་ཡང་སྲིད་སྐྱོང་མཆོག་གིས། བོད་མིའི་ཆིག་སྒྲིལ་སྲ་བརྟན་ཡོང་ཐབས་བྱ་རྒྱུ་ནི་ལྔ་དང་ལྔ་བཅུའི་འཆར་སྣང་གི་དམིགས་ཡུལ་གཙོ་གྲས་ཤིག་ཡིན་སྐོར་གསུངས།
གཞན་ཡང་ཉེ་ལམ་སྲིད་སྐྱོང་མཆོག་ཡུ་རོབ་རྒྱལ་ཁབ་ཌེན་མག་དང་སུ་ཝི་ཌེན། ནོར་ཝེ་སོགས་ནང་ཕེབས་སྐབས་ས་གནས་བོད་རིགས་ཚོས་སེམས་ཤུགས་དང་ལྷག་བསམ་ཆེན་པོས་ལས་དོན་གང་ཅིར་ཕྱར་གྲུ་མཉམ་འདེགས་གནང་བ་དེས་བོད་མིའི་ལྷག་བསམ་དང་སྙིང་སྟོབས་མཚོན་བཞིན་ཡོད་སྟབས་སེམས་ཤུགས་དང་ལྷག་བསམ་དེ་མུ་མཐུད་རྒྱུན་སྐྱོང་དགོས་སྐོར་གསུངས།
ལྷག་པར་སྲིད་སྐྱོང་མཆོག་ནས་ྋགོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་མི་རབས་རྒན་པ་ཚོས་གཞོན་པ་ཚོར་རང་ཉིད་བོད་མི་ཡིན་བསམ་པའི་མི་རིགས་ཀྱི་སྤོབས་པ་དང་མི་རིགས་ཀྱི་འདུ་ཤེས། གཙོ་བོ་ཆོས་དང་རིག་གཞུང༌། སྐད་ཡིག་སོགས་གྲ་མ་ཆག་གྲུ་མ་ཉམས་པའི་ཐོག་ནས་རྩིས་སྤྲོད་ཐུབ་པ་དགོས་གལ་དང༌། རྒྱལ་ཁབ་ཇི་འདྲ་ཞིག་གི་མི་སེར་ཡིན་མིན་ལ་མ་ལྟོས་པར་རང་ཉིད་མ་འཆི་བར་བོད་མིའི་ངོ་བོ་ནམ་ཡང་དོར་མི་རུང་བ་བྱ་རྒྱུ་གལ་ཆེའི་ནང་གི་དོན་ཆེ་ཡིན་སྐོར་གསུངས།
 ཕྱོགས་མཚུངས་དེང་སྐབས་རྒྱ་ནག་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པའི་སྐབས་རྒྱལ་ཁབ་གཞན་ལ་གནོན་ཤུགས་སྤྲད་ནས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནུས་པ་སྒོ་ཀུན་ནས་ཉམ་དམས་སུ་གཏོང་ཐབས་བྱེད་བཞིན་ཡོད་ཀྱང་ང་ཚོར་རྐྱེན་ངན་གྲོགས་ཤར་བྱུང་བ་ལྟར་ཇི་ཙམ་རྒྱ་ནག་རྒྱལ་སྤྱིའི་ཐོག་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་པ་དེ་ཙམ་བོད་ལ་དོ་སྣང་ཆེ་རུ་འགྲོ་བཞིན་འདུག ཅེས་དང༌།  ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་དོན་གཙོ་བོ་བོད་དོན་ལ་སྲིད་གཞུང་ཁག་གི་རྒྱབ་སྐྱོར་ཐོབ་ཐབས་ཆེད་ཡིན་སྐོར་གསུངས།
སྐབས་དེར་སྲིད་སྐྱོང་མཆོག་གིས་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་ནས་ང་ཚོས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རེ་བ་བཟང་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱོས། ཞེས་ལམ་སྟོན་བཀའ་སློབ་སྙིང་བཅངས་ཞུ་དགོས་པ་དང༌།  ལྷག་པར་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་དེ་རྒྱ་ནག་གཞུང་ལ་བོད་མི་རྣམས་འབྱུང་འགྱུར་བོད་དོན་འཐབ་རྩོད་རྒྱུན་སྲིང་ནས་སྤེལ་རྒྱུའི་གྲ་སྒྲིག་ཡོད་པའི་བརྡ་ལན་གསལ་པོ་ཞིག་བཏང་ཐུབ་ཡོད་ཅེས་གསུངས།
 མཐར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ངོ་སྤྲོད་གནང་མཐར་སྲིད་སྐྱོང་མཆོག་གིས་བོད་མི་བཙན་བྱོལ་བ་རྣམས་ནས་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱིས་སྙིང་སྟོབས་ཆེན་པོའི་ཐོག་ནས་དཀའ་སྡུག་ལ་གདོང་ལེན་ཇི་ཙམ་གནང་བཞིན་པ་རྣམས་དྲན་པའི་ཐོག་ནས་ད་བར་བོད་ནང་དུ་བོད་མི་རིགས་དང་རྩ་དོན་ཆེད་བོད་མི་སེར་སྐྱ་དང་ཕོ་མོ།  དེ་བཞིན་རྒན་གཞོན་དབྱེ་བ་མེད་པར་བོད་མི་གྲངས་ ༡༥༠ རང་ལུས་མེར་སྲེག་བཏང་ཡོད།  རྒྱལ་གཅེས་པ་ཁོང་རྣམས་ཀྱི་བོད་མིའི་མངོན་འདོད་དང་ཞལ་ཆེམས་རྣམས་ང་ཚོས་དུས་ནམ་ཡང་སེམས་ནང་བཞག་ནས་རང་ཉིད་ཀྱི་འཇོན་ཚོད་ལ་གཞིགས་པའི་དཀའ་ལས་རྒྱག་དགོས་སྐོར་གསུངས།།

བོད་ཀྱི་ལོ་རྒྱུས་ཡིག་ཆ།