19
Fri, Apr

བོད་མི་འབུམ་ལྔ་བཙན་དབང་གིས་ངལ་རྩོལ་ར་བར་བཅུག་འདུག པར། བརྒྱུད་ལམ།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༩་ཚེས་༢༢ཉིན། བོད་དབུས་གཙང་ཁུལ་དུ་རྒྱ་གཞུང་གིས་བོད་མི་འབུམ་ལྔ་བཙན་དབང་གིས་ངལ་རྩོལ་སྒྱུར་བཀོད་ཁང་ཞེས་པའི་ནང་དུ་བཏང་ནས། བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོ་སོགས་སྤྲད་ནས་བོད་དང་རྒྱ་ནག ཕྱི་རྒྱལ་ཁག་བཅས་ལ་ལས་ཀ་བྱེད་དུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག རྒྱལ་ཁབ་༡༦་གི་གྲོས་ཚོགས་འཐུས་མི་༦༠་ལྷག་གིས་གནད་དོན་དེའི་ཐད་ལ་ཛ་དྲག་གི་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་ཞུས་འདུག

དེ་ཡང་། རྒྱལ་སྤྱིའི་གསར་ཁང་རེ་ཊེར(Reuters)དང་། སེ་ནེ་ཞོགས་པའི་ཕོ་ཉ(The Sydney Morning Herald)སོགས་སུ་གསར་འགྱུར་སྤེལ་བ་ལྟར་ན། འདི་ལོའི་ཟླ་བ་བདུན་རིང་དུ་རྒྱ་གཞུང་གིས་བོད་དབུས་གཙང་ཁུལ་གྱི་བོད་མི་འབུམ་ལྔ་ངལ་རྩོལ་ར་བའི་ནང་དུ་བཅུག་ནས་དམག་མི་ལྟ་བུའི་སྒྲིག་ཆས་གྱོན་ནས་སྦྱོར་བརྡར་སྤྲོད་ཀྱི་ཡོད་འདུག ལས་རིགས་སྦྱོང་བརྡར་ཞེས་བརྗོད་དེ་ངལ་རྩོལ་ར་བའི་ནང་དུ་ཆབ་སྲིད་སློབ་གསོ་ཟེར་བའི་བསམ་བློ་བཅོས་བསྒྱུར་གྱི་སློབ་གསོ་སྤྲོད་ཀྱི་ཡོད་པ་མ་ཟད། ཁྲིམས་དང་སྒྲིག་གཞི་ཡི་སྦྱོང་བརྡར་ཡང་སྤྲོད་ཀྱི་ཡོད་འདུག གཞན་ཡང་རྒྱ་ཡིག་དང་ལག་ཤེས་སློབ་པ། རས་ཆའི་བཟོ་རིགས་དང་ཞིང་ལས་སོགས་ཀྱི་སྐོར་སློབ་ཀྱི་ཡོད་འདུག

དེའི་རྗེས། བོད་མི་འདི་ཚོ་བོད་པའི་ས་ཁུལ་གཞན་དུ་ལས་ཀ་བྱེད་པར་གཏོང་གི་ཡོད་པ་མ་ཟད། རྒྱ་ནག་ནང་གི་ས་ཆ་འདྲ་མིན་དང་དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཡང་གཏོང་གི་འདུག ཁོ་ཚོ་རུ་ཁག་མང་པོར་བགོས་ནས་བསྐྱོད་ཀྱི་ཡོད་པ་དང་། རུ་ཁག་དེ་ཚོར་སྡེ་དཔོན་དང་ལྟ་སྲུང་བྱེད་མཁན་ཁག་ཅིག་ཀྱང་འདུག དམིགས་བསལ་ཕྱི་རྒྱལ་ཁག་ཏུ་ལས་ཀ་བྱེད་པར་བསྐྱོད་སྐབས་ཧ་ཅང་དམ་དྲག་བྱེད་ཀྱི་ཡོད་ཅིང་། གལ་སྲིད། ངལ་རྩོལ་ར་བའི་ནང་གི་སྒྲིག་གཞི་ལ་འགལ་བ་དང་ལས་ཀ་ཡག་པོ་མ་བྱས་པ་ཡིན་ན་ཉེས་ཆད་ཤུགས་ཆེན་གཏོང་གི་འདུག

ཁོ་ཚོའི་ལས་ཀ་ཁག་ནི་ཁང་པ་འཛུགས་སྐྲུན་གྱི་ལས་ཀ་དང་། རས་ཆའི་བཟོ་རིགས་ཀྱི་ལས་ཀ། དེ་བཞིན་ཞིང་ལས་སོགས་ཀྱི་ལས་ཀ་བྱེད་བཅུག་གི་ཡོད་འདུག བོད་མི་འབུམ་ལྔ་ཡོད་པ་རྣམས་ས་ཆ་གང་ནས་ཡིན་པ་ད་དུང་གསལ་ཁ་མེད་ཀྱང་། བོད་ཀྱི་རྒྱལ་ས་ལྷ་ས་དང་། གཞིས་ཀ་རྩེ། ལྷོ་ཁ་བཅས་ནས་ཡིན་པ་གསར་ཁང་ཁ་ཤས་ཀྱི་ནང་དུ་གསལ་འདུག

གཞན་ཡང་། ས་གནས་ཉེན་རྟོག་པའི་ངལ་རྩོལ་ལས་རིགས་སྦྱོང་བརྡར་ཡིག་ཆའི་ནང་དུ། བསམ་བློའི་སློབ་གསོ་དང་རྒྱ་གཞུང་ལ་བཀའ་དྲིན་དྲན་དགོས་ཟེར་བའི་སྲིད་བྱུས་ཡོད་པའང་གསལ་འདུག སློབ་གསོ་དང་སྦྱོང་བརྡར་སྤྲད་ནས་ “ངས་ལས་ཀ་ངེས་པར་དུ་བྱེད་དགོས”་ཟེར་བའི་ཚབ་ཏུ་“ངས་ལས་ཀ་བྱེད་འདོད་ཡོད།” ཅེས་བསམ་བློ་གཏོང་ཕྱོགས་བསྒྱུར་ཐབས་བྱེད་ཀྱི་ཡོད་འདུག

འདི་འདྲའི་བོད་མི་འབོར་ཆེན་ངལ་རྕོལ་ར་བའི་ནང་དུ་བཅུག་པ་ནི། དེའི་སྔོན་ཡུ་གུར་ས་ཆར་ཡུ་གུར་བ་ས་ཡ་གཅིག་ངལ་རྕོལ་ར་བའི་ནང་དུ་བཅུག་ནས་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཞོར་ངལ་རྩོལ་ལས་ཀ་བྱས་བཅུག་ཡོད་པ་དང་འདྲ་མཚུངས་ཡིན་པ་རྒྱལ་སྤྱིའི་ཉམས་ཞིབ་པ་ཚོས་འགྲེལ་བརྗོད་བྱས་འདུག བོད་དོན་ཉམས་ཞིབ་པ་ཚོས་ངལ་རྩོལ་སྒྱུར་བཀོད་ཀྱི་སྲིད་བྱུས་འདི་ནི་བོད་མི་རྒྱ་མིར་སྒྱུར་ཐབས་ཀྱི་སྲིད་བྱུས་ངན་པ་ཞིག་ཡིན་པར་འགྲེལ་བརྗོད་བྱས་འདུག

བོད་མི་འབུམ་ལྔ་ངལ་རྩོལ་ར་བའི་ནང་དུ་བཅུག་ཡོད་པའི་གནད་དོན་འདི་ནི། འཇར་མན་གྱི་འབུམ་རམ་པ་ཨན་ཌ་རིན-ཛེན(Adrian Zenz)ལགས་ཀྱིས་ཤེས་རྟོགས་བྱུང་འདུག རྒྱལ་ཁབ་༡༦་གི་གྲོས་ཚོགས་འཐུས་མི་༦༠་ལྷག་གིས་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག་ནས་རྒྱ་གཞུང་ལ་དེའི་ཐད་ལ་ཛ་དྲག་གི་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གྱི་ཞུ་ཡིག་ཅིག་སྤེལ་འདུག

དེ་ཡང་། རྒྱ་ནག་ཐད་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་མཉམ་འབྲེལ་མཐུན་ཚོགས(The Inter-Parliamentary Alliance on China)ཞེས་པའི་མཐུན་ཚོགས་འདིའི་གྲོས་ཚོགས་འཐུས་མི་༦༠་ལྷག་གིས་རང་ཉིད་ཀྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཛ་དྲག་གི་ལས་འགུལ་སྤེལ་ཏེ། བོད་མི་འབུམ་ལྔ་ངལ་རྩོལ་ར་བའི་ནང་དུ་བཅུག་ཡོད་པའི་གནད་དོན་འདི་སེལ་དགོས་པའི་འབོད་སྐུལ་གྱི་དགོས་འདུན་ཁག་ཅིག་བཏོན་འདུག

དང་པོ། བོད་མི་ཚོ་ངལ་རྩོལ་ར་བའི་ནང་དུ་བཙན་གྱིས་འཇུག་མཁན་གྱི་འབྲེལ་ཡོད་རྒྱ་དཔོན་རྣམས་ཀྱི་ཕྱི་བསྐྱོད་མཐོང་མཆན་འགོག་པ་དང་ཉེས་ཆད་གཞན་གཅོད་དགོས།

གཉིས་པ། བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཆེད་རང་དབང་ལྡན་པའི་ཞིབ་འཇུག་བྱེད་མཁན་བོད་ནང་དུ་གཏོང་དགོས།

གསུམ་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཡིས་དམིགས་བསལ་སྐུ་ཚབ་ཅིག་བསྐོས་ནས། རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོ་བཙན་དབང་གིས་ངལ་རྩོལ་ར་བར་བཅུག་པ་དང་། གྲངས་ཉུང་མི་རིགས་ལ་སྡུག་སྦྱོང་གཏོང་བཞིན་པའི་ཐོག་ཞིབ་འཇུག་བྱེད་དུ་གཏོང་དགོས།

གཞན་ཡང་། ༢༠༢༢་ལོའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལམ་རྩལ་འགྲན་རྒྱ་ནག་ཏུ་འཚོགས་རྒྱུའི་ཐག་གཅོད་བྱུང་ཡོད་པར་བརྟེན། མཐུན་ཚོགས་འདིས་རྒྱ་ནག་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་སྡུག་ཤོས་དེ་ཡིན་ཕྱིར། ཨོ་ལམ་རྩལ་འགྲན་རྒྱ་ནག་ཏུ་འཚོགས་རྒྱུའི་ཐོག་བསམ་བློ་གཏོང་དགོས། ཞེས་ཨོ་ལམ་རྩལ་འགྲན་ཚོགས་པར་བརྗོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།