29
Mon, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ་༣ ཚེས་༢༩ ཉིན། ཉིན་བཅུ་གཅིག་གི་རིང་གྲོས་ཚོགས་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༤་་་༢༥ ཡི་སྔོན་རྩིས་སྐོར་བགྲོ་གླེང་གནང་མཐའ། བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་བཀའ་འཁྲོལ་བསྡོམས་སྒོར་༣,༣༣༡,༠༢༢,༢༣༤ གྲོས་ཚོགས་བཀའ་ཁྲོལ་གནང་ཡོད་འདུག དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་དང་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་བཞག་འདུག གཞན་ཡང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཁག་ཅིག་གནང་ཐུབ་ཡོད་པ་དང་ཁག་ཅིག་འགྲོ་ཐུབ་མེད་པ་རེད། དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་མཇུག་སྒྲིལ་གནང་སོང་།

དེ་ཡང་། ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༨ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་དུ། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་འཛུགས་གནང་སོང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་བཀའ་བློན་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་དང་འབྲེལ། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་སོང་།

ལས་ཉིན་བཅུ་གཅིག་རིང་། བཀའ་བློན་རྣམ་པས་ལས་ཁུངས་སོ་སོའི་སྔོན་རྩིས་འགོད་འབུལ་གསུང་བཤད་གནང་བ་དང་སྤྱི་འཐུས་རྣམ་པས་དེའི་ཐོག་དྲི་བ་གནང་བ་དང་བཀའ་བློན་རྣམ་པས་དེ་དག་ལ་ལན་གནང་བ་བཅས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༤་་་༢༥ ཡི་སྔོན་རྩིས་སྐོར་བགྲོ་གླེང་ལྷུད་པོ་གནང་སོང་། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ནང་དུ་ཁམས་སྡེ་དགེའི་གནས་སྟངས་དང་གཞན་བོད་ནང་གནས་སྟངས་སྤྱི་ཡོངས་སྐོར་དང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རྒྱ་གཞུང་གིས་ཇི་ལྟར་རྩ་མེད་བཟོ་བཞིན་ཡོད་སྐོར་སོགས་ཀྱི་ཐོག་བགྲོ་གླེང་གནང་སོང་། གཞན་ཡང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཐོག་བགྲོ་གླེང་གནང་སོང་།

དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་གཙོའི་མཇུག་བསྡོམས་གསུང་བཤད་གནང་དོན། དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་མཇུག་བསྡོམས་ཀྱི་དུས་ཚོད་ཆགས་བསྡད་ཡོད། མཇུག་བསྡོམས་ཀྱི་གཏམ་བཤད་ནང་རྣམ་པ་ཚོ་ཚང་མས་མཁྱེན་གྱི་རེད། ཚོགས་གཙོས་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས་གྲུབ་འབྲས་གསལ་བཤད་ཞུ་རྒྱུའི་གནས་སྟངས་ཆགས་ཡོད་པ་རེད། ཡིན་ནའང་། ཚོགས་གཙོས་དེ་རིང་མཇུག་བསྡོམས་གཏམ་བཤད་འདི་རིང་པོ་ཞུ་རྒྱུའི་གྲ་སྒྲིག་གང་ཡང་མེད་ལ། བཀུར་འོས་སྤྱི་འཐུས་རྣམ་པའི་དགོངས་གཞི་ལའང་ཕལ་ཆེར་ཡུན་རིང་པོ་ཆགས་ན་ཉོབ་སྣང་གི་རྣམ་པ་དེ་འདྲ་སླེབས་མི་སྲིད་པ་མ་རེད། དེ་འདྲ་ཡིན་དུས་ཡུན་རིང་པོ་ཞུ་རྒྱུ་གང་ཡང་མེད་ཞུ་རྒྱུ་ཡིན།

དེ་རིང་གི་ལས་རིམ་བསྐྱངས་པའི་ནང་དུ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་འཁྱེར་ཡོད་རེད། དེ་ལ་དྭགས་བླ་མ་བློ་བཟང་ལགས་སྐུ་གཤེགས་པའི་རྗེས་དྲན་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་འཁྱེར་ཡོད་པ་རེད། རྩ་བའི་ང་ཚོའི་གྲོས་ཆོད་ནང་གསལ་བ་གཞིར་བཟུང་རེད། བོད་པ་བཙན་བྱོལ་ལ་དང་པོ་འབྱོར་བ་ནས་བཟུང་། ཁོང་གིས་ནུས་པ་གང་ཡོད་ཀྱི་ཐོག་ནས་བོད་མི་དང་། དེ་བཞིན་༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི། ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་ཐོག་ལ་རམ་འདེགས་རྒྱུན་མ་ཆད་པ་དེ་འདྲ་གནང་ཡོད་པ་རེད། དེར་བརྟེན། དེ་རིང་ང་ཚོོས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་པ་དེ་ཡག་པོ་བྱུང་སོང། ཁོང་གི་ནང་མི་དང་འབྲེལ་ཡོད་ལ་དྭགས་མི་མང་ཚང་མར་བསྐྱར་དུ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།

དེ་བཞིན་དུ་ང་ཚོའི་ལས་རིམ་གལ་ཆེ་བ་ཞིག་ནི་བོད་ནང་དུ་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་བདུན་ཞིག་འཇོག་ཐུབ་ཡོད་པ་རེད། སྤྱིར་བཏང་བགྲོ་གླེང་གི་རྣམ་པའི་ཐོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐབས་དེ་དུས་གསུངས་སོང་། དེ་ཡིན་དུས་གནས་ཚད་དེ་ཏོག་ཙམ་ཡག་ཏུ་གཏོང་དགོས་པ་དེ་ཚོགས་གཙོའི་བསམ་བློའི་ནང་དུའང་དེ་ག་རང་བྱུང་། ཡར་ལངས་ཏེ་ཚང་མས་གསུང་བསྡད་ན་ཏག་ཏག་ཅིག་སྡོད་ཀྱི་མི་འདུག དེ་ཡིན་དུས་མ་འོངས་པར་ང་ཚོས་ཏོག་ཙམ་ཡར་རྒྱས་གཏོང་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན། ང་ཚོ་སྤྱི་འཐུས་རྣམ་པས་ཆབ་སྲིད་ཀྱི་ཐོག་ལ་དགོངས་ཚུལ་སྤུང་ས་ཡག་ཤོས་འདི་རེད། དེ་མ་ཡིན་པའི་ང་ཚོའི་འཛིན་སྐྱོང་དང་འབྲེལ་བའི་ལས་དོན། སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་ལས་དོན་ཐོག་ལ་ཆགས་འགྲོ་ཡི་འདུག ཆབ་སྲིད་ཀྱི་ཐོག་ནས་དགོངས་ཚུལ་སྤུང་སའི་སྡིངས་ཆ་གལ་ཆེ་ཤོས་ཤིག་ཆགས་ཡོད་པ་རེད། དེ་རིང་ང་ཚོས་གྲོས་ཆོད་དོན་ཚན་བདུན་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་ཞུ་ཐུབ་པ་བྱུང་བ་རེད། མ་འོངས་པར་ང་ཚོས་དུས་ཚོད་དུས་ཚོད་ལ་སྙན་སེང་ཞུ་རྒྱུ་ཡོང་གི་རེད་དེ། དེ་ཚོའི་ཐོག་ལ་གནས་ཚད་ཡར་རྒྱས་གཏོང་ཐུབ་རྒྱུར་དགོངས་པ་བཞེས་ཐུབ་དགོས་རྒྱུ་གལ་ཆེན་པོ་འདུག་ཞུ་རྒྱུ་ཡིན།

དེ་བཞིན་དེ་རིང་ང་ཚོའི་ལས་ཉིན་མང་ཆེ་བ་དེ་རྩིས་ལོ་ ༢༠༢༤༌༌་༢༥ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་ཆགས་ཡོད་རེད། ལོ་འཁོར་སྔོན་རྩིས་ནང་དུ་གཙོ་བོ་ཁྱབ་ཁོངས་ལས་ཁུངས་ཁག་ནས་འབྲེལ་ཡོད་ལྷན་ཁང་ལ་ཕུལ་ཏེ། དཔལ་འབྱོར་ལས་ཁུངས་ཀྱི་ཐོག་ནས་འཛིན་སྐྱོང་བཀའ་ཤག་ལ་རྩིས་ལོ་ ༢༠༢༤་༌༌༢༥ ལོའི་སྔོན་རྩིས་ཐོག་བཀའ་ཤག་ནང་དུ་ཕྱོགས་ཡོངས་ནས་ཞིབ་འཇུག་དང་རྒྱབ་གཉེར་གནང་། གྲོས་ཚོགས་ལའང་དངོས་སུ་སྔོན་རྩིིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་བཙུགས་ཏེ། དེའི་ཐོག་ནས་ནང་སྲིད་ལས་ཁུངས་ཀྱི་ཟུར་བཀོལ་དང་། དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྡེ་ཚན་གཅིག་ཙམ་ལ་གཅོག་ཆ་མ་གཏོགས། བཀའ་ཤག་གིས་ཐོག་མར་རྒྱབ་གཉེར་གང་གནང་བ་དེར་གྲོས་ཚོགས་ནས་ཧིན་སྒོར་ས་ཡ་ ༣༣༣༡ ལྷག་ཙམ་ཞིག་ང་ཚོས་གཏན་འབེབས་ཞུ་ཐུབ་པ་བྱུང་ཡོད་ཞུ་རྒྱུ་ཡིན། ང་ཚོས་གཏན་འབེབས་ཞུ་ཐུབ་པ་ཙམ་གྱིས་འགྲིག་གི་ཡོད་མ་རེད། ལས་འཆར་དེ་གཞི་ནས་འགོ་འཛུགས་དགོས་ཀྱི་ཡོད་པ་རེད། དཔལ་ལྡན་བཀའ་བློན་རྣམ་པའི་ངོས་ནས་ཀྱང་ལས་འཆར་གྱི་འཆར་གཞི་དང་། སྲིད་བྱུས་དེ་འདྲའི་གཞི་འདིང་གི་ཡོད་རེད། གཙོ་བོ་ཕྱག་ལས་གནང་མཁན་དེ་ང་ཚོའི་སྲི་ཞུ་ལས་བྱེད་རྣམ་པ་ཆགས་ཀྱི་ཡོད་པ་རེད། ཚང་མས་ཕྱག་ལས་ཧུར་ཐག་གནང་གི་རེད་ལ། དཔལ་འབྱོར་གཏོང་དགོས་ངེས་དང་། བསྲི་ཚགས་ཀྱི་རྣམ་པའི་ཐོག་ནས་ལས་གཞི་གང་ཡིན་རུང་དོན་ལ་སྨིན་པ་ཞིག་ཡོང་ཐུབ་རྒྱུར་འབད་བརྩོན་ཞུ་དགོས་པ་རེད་ཞུ་རྒྱུ་ཡིན། ང་ཚོའི་གྲོས་ཚོགས་ཀྱི་ལས་ཉིན་མང་ཆེ་བ་སྔོན་རྩིས་ཀྱི་ཐོག་ལ་བཏང་བ་རེད།

དེ་བཞིན་ཁྲིམས་བཟོའི་ལས་དོན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་མཚོན་པའི་སྒྲིག་གཞི་ཁག་བདུན་ཙམ་ལ་ང་ཚོས་བསྐྱར་བཅོས་བྱེད་ཐུབ་ཡོད་པ་རེད། དེ་རིང་ཕྱོགས་ཡོངས་ཀྱི་ཚོགས་གཙོའི་བསམ་བློའི་ནང་ལ་བཀུར་འོས་སྤྱི་འཐུས་རྣམ་པས་སྒྲིག་གཞིའི་ནང་གི་བརྗོད་པ་དང་པོ་རེད། བརྗོད་པ་གཉིས་པར་ཕེབས་ཕྱོགས་རེད། དེ་ཚོའི་ཐོག་ལ་ཏོག་ཙམ་ཡར་རྒྱས་ཀྱི་རྣམ་པ་ཡག་པོ་བྱུང་སོང་བསམ་གྱི་ཡོད། དེར་བརྟེན་མ་འོངས་པར་ཡིན་ནའང་དེ་འདྲའི་ཐོག་ནས་ཕེབས་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག ང་ཚོས་གཏན་འབེབས་བྱུང་ཐུབ་པ་ཁག་གི་ནང་ནས་ང་ཚོར་བར་སྐབས་ཤིག་བཙན་བྱོོལ་བོད་མིའི་སྒྲིག་འཛུགས་ལ་དཀའ་ངལ་འཕྲད་པའི་དཀའ་ངལ་ཆ་ཚང་སེལ་ཟེར་ན་ཏག་ཏག་བསྡད་ཀྱི་ཡོད་མེད་མི་ཤེས་ཏེ། དཀའ་ངལ་མང་ཆེ་བ་སེལ་ཐུབ་པ་བྱུང་ཡོད་པ་རེད། དེ་ཡིན་དུས་དེ་རིང་ང་ཚོའི་གྲོས་ཚོགས་ཀྱི་ཐོག་ནས་བྱས་རྗེས་ཟེར་ནའང་མི་འདུག གྲོས་ཚོགས་ཀྱི་ལས་གཞི་གལ་ཆེན་པོ་ཞིག་གྲུབ་ཀྱི་ཡོད་པ་རེད་ཞུ་རྒྱུ་ཡིན། དེ་ཡོང་བར་རྒྱུ་གཙོ་བོ་གཅིག་ནི་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་གཙོ་རེད། དྲུང་ཆེ་རེད། ཚོགས་མི་རྣམ་པས་སྐུ་ལས་མང་པོ་ཞིག་སྐྱོན་ཡོད་པ་རེད། དེའི་ཐོག་ནས་སྙན་ཐོ་འབྱོར་བ་དང་འཆར་ཟིན་འབྱོར་བ། བཀུར་འོས་སྤྱི་འཐུས་རྣམ་པ་རེད། འཛིན་སྐྱོང་བཀའ་ཤག་གིས་བཟོ་བཅོས་ཁྲིམས་འཆར་འཁུར་བ་རེད། ཕྱོགས་ཡོངས་ཀྱི་ཐོག་ནས་ཡག་པོ་བྱུང་སོང་། དེ་ཡིན་དུས་འབྲེལ་ཡོད་རྣམ་པ་ཚང་མར་ཚོགས་གཙོའི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ང་ཚོའི་ལས་རིམ་གཅིག་ནི་འདས་ལོ་ ༢༠ ནང་ལ་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་གནས་བབ་སྙན་ཐོ་ཞིག་བཀའ་ཤག་བརྒྱུད་ཕེབས་པ་རེད། དེའི་ཐོག་ནས་བཀུར་འོས་སྤྱི་འཐུས་རྣམ་པས་དེ་ཐུགས་ཕན་གསོས་པོ་འདུག་ཅེས་དགོངས་ཚུལ་མང་པོ་གསུངས་གནང་སོང་། དེ་ཡིན་དུས་དེ་འདྲའི་ཐོག་ནས་མ་འོངས་པར་དཔལ་འབྱོར་གྱི་གནས་བབ་ཐོག་ལ་ཐུགས་སྣང་གནང་བ་ཡིན་ན། ཚང་མ་མཁྱེན་ཐུབ་རྒྱུའི་གནས་བབ་ཅིག་ཆགས་ཡོད་པ་རེད། དེེ་ཡང་ཡག་པོ་བྱུང་སོང་ཞུ་རྒྱུ་ཡིན།

དེ་བཞིན་ང་ཚོས་གྲོས་ཆོད་ཁག་ཅིག་འཇོག་ཐུབ་པ་བྱུང་ཡོད་རེད། དཔྱ་དངུལ་ཆག་ཡང་གི་དུས་ཚོད་ཕར་འགྱངས་ཞུ་རྒྱུ་འདི། དེའི་ཐོག་ནས་ཁ་སང་ང་ཚོ་བཀུར་འོས་སྤྱི་འཐུས་རྣམ་པ་རེད། འཛིན་སྐྱོང་ཐོག་ནས་མང་ཚོགས་ཀྱི་ཐུགས་སྣང་གནང་དགོས་པ་དང་མང་ཚོགས་ཀྱིས་ཆ་ཤས་བཞེས་དགོས་པ། དཔལ་འབྱོར་ལས་ཁུངས་ཀྱི་ཐོོག་ནས་ཕྱག་ལས་གནང་ཕྱོགས་དེ་ཚོ་ཚགས་ཚུད་པོ་དང་། དེར་དྲིལ་བསྒྲགས་ཤུགས་ཆེན་པོ་གནང་དགོས་པའི་དགོངས་ཚུལ་གསུངས་སོང་། དེ་འདྲ་ཡོང་བ་ལ་ཚོགས་གཙོའི་ངོས་ནས་རེ་བ་བྱེད་ཀྱི་ཡོད། གྲོས་ཆོད་གཅིག་ནི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཅུ་གཉིས་པ་བསྐོ་གཞག་བྱེད་རྒྱུ་དེ་རེད། ད་ལྟ་ང་ཚོས་གྲོས་ཆོད་བཞག་མ་ཐག་པ་འདི་རེད། གྲོས་ཆོད་གཅིག་འདི་སྒྲིག་གཞི་བསྐྱར་བཅོས། ང་ཚོས་བརྗོད་པ་དང་པོ་ཟིན་པའི་རྗེས་སུ་ཁྲིམས་སྒྲིག་དེར་བསྐྱར་བཅོས་དགོས་པའི་ཐོག་ནས་ཚོགས་ཆུང་ལ་གཏོང་ཐུབ་ན་ཡག་པོ་འདུག་ཟེར་བ་འདི་ཆེད་འཛུགས་བྱེད་དགོས་པའི་ཚོགས་ཆུང་ཞིག་ཆགས་ཀྱི་ཡོད་རེད། དེ་ཡིན་དུས་གྲོས་ཆོད་ཁག་དེ་ཚོའི་ཐོག་ནས་ལས་དོན་བྱེད་ཕྱོགས་ལ་མ་འོངས་པར་ཐུགས་ཕན་གསོས་པའི་རེ་བ་བྱེད་ཀྱི་ཡོད།

དེ་བཞིན་ང་ཚོའི་སྤྱི་ཡོངས་ཀྱི་སྔོན་རྩིས་གནས་བབ་ལ་གང་ལ་གང་འཚམ་འཛིན་སྐྱོང་གི་ཐོག་ནས་ལས་དོན་བྱེད་ཕྱོགས་ལ་དགོངས་ཚུལ་འབུལ་རྒྱུ། ལྷན་ཁང་ཁག་གིས་གསལ་བཤད་ལན་འདེབས་གནང་རྒྱུ། འདི་བརྒྱུད་ནས་སྤྱི་ཚོགས་ནང་ལ་གནད་དོན་མང་པོ་ཞིག་གཙང་མ་ཆགས་ཐུབ་རྒྱུ། དེ་འདྲའི་ཐོག་ནས་ཁ་གསལ་པོ་མང་པོ་ཞིག་བྱུང་ཡོད་རེད་བསམ་གྱི་འདུག དེ་བཞིན་ང་ཚོའི་སྔོན་རྩིས་དེ་ཡང་ཚགས་ཚུད་ཡག་པོ་ཞིག་གཏན་འབེབས་ཞུ་ཐུབ་པ་བྱུང་སོང་། དེ་གཙོ་བོ་ནི་ང་ཚོའི་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་སྡེ་ཚན་རེད། དེ་བཞིན་གྲོས་ཚོགས་ཀྱི་ཐོག་ནས་ཆེད་འཛུགས་གནང་བའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་དྲུང་རེད། ཚོགས་མི་རྣམ་པ་ཚང་མས་འགན་འཁུར་ཧུར་ཐག་གནང་ནས་སྙན་ཐོ་འབྱོར་ཐུབ་པ་བཅས་ཡག་པོ་བྱུང་སོང་། དེར་ཚོགས་གཙོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ནས་ལོ་གཉིས་དང་ཕྱེད་ཀ་རྫོགས་ཚར་བ་རེད། ལོ་གཉིས་དང་ཕྱེད་ཀ་ཡོང་རྒྱུ་བསྡད་པ་ཆགས་ཡོད་པ་རེད། དེའི་ནང་ལ་ང་ཚོའི་ས་བགོས་ཕྱོགས་བསྐྱོད་དེ་འགྱུར་བ་འགྲོ་ཡི་རེད། མི་རིང་བར་ང་ཚོས་མཚན་ཐོ་འགྱུར་བ་གཏོང་བའི་ཐོག་ནས་ས་བགོས་ཕྱོགས་བསྐྱོད་ཕེབས་རྒྱུ་དེ་འདྲ་ཡོང་གི་རེད། དེ་དང་འབྲེལ་བའི་ཐོག་ནས་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གཅིག་བསྣམས་ཡོད་པ་རེད། གྲོས་ཆོད་དེ་ཕྱིན་ཡོད་མ་རེད། ཡིན་ནའང་། དེའི་ཐོག་ནས་གནས་ཚུལ་མང་པོ་ཞིག་གླེང་སློང་བྱུང་ཡོད་པ་རེད། བཀུར་འོས་སྤྱི་འཐུས་རྣམ་པའི་དགོངས་པ་བཞེས་ཕྱོགས་རེད། དེ་བཞིན་རྒྱ་ཆེའི་མང་ཚོགས་ཀྱི་ཐོག་ནས་དགོངས་པ་བཞེས་ཕྱོགས་རེད། གཙོ་བོ་ང་ཚོའི་བརྒྱུད་ལམ་འདི་གྲོས་ཆོད་གཅིག་གི་དགོངས་དོན་གྱི་ཐོག་ནས་ཕེབས་ཀྱི་ཡོད་པ་རེད། དེ་ཡིན་དུས་ས་གནས་མང་ཚོགས་དང་འཛིན་སྐྱོང་། དེ་བཞིན་ང་ཚོའི་སྒྲིག་འཛུགས་དབར་ལ་འབྲེལ་ལམ་གཅིག་རེད། དེ་བཞིན་བོད་མི་གནས་ཡུལ་ག་པར་ཡིན་ནའང་། དེའི་གནས་བབ་ཀྱི་ཤེས་ཡོན་དང་། འཕྲོད་བསྟེན། དཔལ་འབྱོར་གྱི་གནས་བབ་དེ་ཚོའི་ཐོག་ལ་ཉམས་ཆག་ག་རེ་ཕྱིན་འདུག དེ་བཞིན་གཞིས་ཆགས་སྲ་བརྟན་ཐོག་ལ་ཞིབ་འཇུག་བྱ་རྒྱུ་དང་། མི་མང་གི་བདེ་སྡུག་དེ་ཚོ་གསན་རྒྱུ། དེ་ནང་བཞིན་ང་ཚོ་གྲོས་ཚོགས་རེད། འཛིན་སྐྱོང་རེད། ཆབ་སྲིད་ཀྱི་འགྲོ་སྟངས་རེད། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་རེད། དེ་ཚོ་མང་ཚོགས་ཀྱི་ཐོག་ལ་གོ་བསྐོན་བྱ་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་འདུག སྤྱི་ཚོགས་དྲ་རྒྱའི་ཐོག་ནས་གནས་ཚུལ་མང་པོ་ཞིག་བཟོ་ཡི་འདུག མིན་པ་ཡིན་པ་བཟོས། ཡིན་པ་མིན་པ་བཟོས་པའི་གནས་ཚུལ་མང་པོ་ཞིག་ལོ་ཆུང་བ་མང་བ་ཞིག་གིས་དོ་སྣང་བྱས་ན་གང་ལ་གང་འཚམ་གསལ་པོ་རྟོགས་ཐུབ་ཀྱི་ཡོད་ན་མ་གཏོགས། ལོ་ཆེ་བ་དགུང་ལོ་བགྲེས་པ་ཚོས་དེ་ཚོར་ཐུགས་སྣང་ཞེ་དྲག་གནང་གི་མ་རེད། དེ་ཡིན་དུས་གང་བཤད་པ་དེ་ལ་ཆ་འཛིན་བྱས་ཏེ་མཚམས་རེ་སེམས་ཕམ་པ་དེ་འདྲ་ཡོང་མི་སྲིད་པ་རེད་མི་འདུག དེ་ཡིན་དུས་ང་ཚོའི་གཞུང་འབྲེལ་གྱི་བརྒྱུད་ལམ་འདིའི་ཐོག་ནས་རྣམ་པ་ཚོས་དོགས་འདྲི་ཡིན་ནའང་འདྲ། བསམ་ཚུལ་ཡིན་ནའང་འདྲ་གསུང་ཆོག་གི་ཡོད་པ་རེད། མར་གསུང་རྒྱུ་གང་ཡིན་པ་དེ་ཚད་ལྡན་ཞིག་ལ་ངོས་འཛིན་ཞུས་ན་མ་འགྲིག་པ་ཡོད་མ་རེད་བསམ་གྱི་འདུག དེ་ཚོགས་གཙོ་གཉིས་ཀྱི་ལམ་སྟོན་ཐོག་ནས་ཕེབས་ཀྱི་ཡོད་རེད། དེ་ཡིན་དུས་རྒྱ་ཆེའི་མང་ཚོགས་ཀྱི་ཐོག་ནས་མ་འོངས་པར་ལས་དོན་དེ་ཚགས་ཚུད་པོ་ཡོང་ཐུབ་རྒྱུར་མཐུན་འགྱུར་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན།

དེ་བཞིན་གྲོས་ཚོགས་ཀྱིས་ཡུ་རོབ་ཕྱོགས་ལ་གཙོ་བོ་ཆབ་སྲིད་ཀྱི་ཞུ་གཏུག་ལས་འགུལ་ཏོག་ཙམ་ཤུགས་ཆེ་ཙམ་ཞིག་སྤེལ་ཐུབ་རྒྱུར་བསམ་བློ་གཏོང་གི་ཡོད། ཉེ་ཆར་ཚོགས་གཙོ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་ལ་བཅར་དུས་འབྲེལ་ཡོད་ཡུ་རོབ་ཀྱི་སྐུ་ཚབ་དོན་གཅོད་ཁག་མཉམ་དུ་ང་ཚོ་ཚོགས་འདུ་འཚོག་རྒྱུ་དེ་འདྲ་བྱུང་སོང་། དེ་ཡིན་དུས་ལས་འཆར་དེ་ཚོ་རིམ་པས་བསླེབ་ཀྱི་རེད་ཞུ་རྒྱུ་ཡིན།

དེ་བཞིན་གནས་ཡུལ་རྒྱ་གར་གཞུང་གི་ད་ལོ་ལོ་འདིའི་ནང་འོས་བསྡུ་འགོ་འཛུགས་ཀྱི་ཡོད་པ་རེད། ཕྱི་ཟླ་ ༦ པའི་རྗེས་སུ་འོས་བསྡུ་ཚར་འགྲོ་ཡི་ཡོད་པ་རེད། འོས་བསྡུ་ཚར་བའི་རྗེས་སུ་ང་ཚོའི་ཞུ་གཏུགས་ཀྱི་ལས་འགུལ་རྒྱ་ཆེ་ཙམ་སྤེལ་དགོས་ཆགས་ཀྱི་རེད། གཅིག་ནས་གྲོས་ཚོགས་ནང་དུ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་བྱེད་ཐུབ་དགོས་ཀྱི་ཡོད་པ་རེད། དེ་ཡིན་དུས་དེ་ཚོའི་ཐོག་ལ་རིམ་པས་རྒྱུན་ལས་ནང་དུ་གོ་བསྡུར་ཡོང་གི་རེད། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་དེ་འདྲའི་ཐོག་ཕེབས་དགོས་པའི་གནས་སྟངས་ཆགས་པ་ཡིན་ན། དེ་ཚོའི་ཐོག་ལ་ཕེབས་ཐུབ་རྒྱུར་དགོངས་པ་བཞེས་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན།

གཙོ་བོ་འདི་བོད་མིའི་སྒྲིག་འཛུགས་ལ་འགན་དབང་བསྐུར་བ་དེ་དུས་རྒྱུན་དུ་ནས་ངས་ཞུ་ཡི་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་བོད་དོན་བདེན་མཐའ་གསལ་ཐབས་དང་། དེ་བཞིན་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་དོན་གྱི་ཐོག་ལ་རེད། ལྷག་པར་དུ་གཞིས་ལུས་བོད་མི་ཚོའི་དཀའ་ངལ་ལས་སྐྱོབ་ཐུབ་རྒྱུའི་སྲིད་བྱུས་དང་ལས་འཆར་དེ་འདྲ་བཟོ་དགོས་རྒྱུ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་བསྐུར་བའི་འགན་དབང་ཞིག་ཆགས་ཀྱི་ཡོད་པ་རེད། ང་ཚོའི་འཛིན་སྐྱོང་བཀའ་ཤག་རེད། གྲོས་ཚོགས་ཀྱི་ཐོག་ནས་བསམ་བློ་འདིར་གཞི་བཞག་ནས་ཕྱག་ལས་གནང་གི་ཡོད་རེད། ང་ཚོས་ཚགས་ཚུད་དུ་གཏོང་རྒྱུ་དང་ནུས་པ་དང་ལྡན་པ་ཡོང་ཐུབ་རྒྱུར་ག་རེ་འདུག དེ་ཚོའི་ཐོག་ནས་ང་ཚོའི་ལས་འཆར་འགྲོ་བཞིན་པ་རེད། མ་འོངས་པར་ལས་འཆར་ཡོང་རྒྱུ་རེད། དེ་ཚོའི་ཐོག་ལ་དགོངས་པ་བཞེས་དགོས་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་འདྲའི་ཐོག་ལ་རྒྱ་ནག་གཞུང་གི་ཐོག་ནས་བོད་ནང་ལ་སྲིད་བྱུས་རིམ་པས་འདིང་གི་ཡོད་པ་རེད། བོད་ནང་གི་བོད་མི་ཙམ་མ་རེད། དེ་དང་འབྲེལ་བ་ཡོད་པའི་ཕྱི་སྡོད་བོད་མིའི་ཐོག་ལའང་དམ་བསྒྲགས་དང་བསུན་གཙེར་ཡོང་རྒྱུའི་སྲིད་བྱུས་སླེབས་ཡོད་པ་རེད། ཡོངས་གྲགས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལ་དེའི་ཐོག་ལ་གཏམ་བཤད་གནང་མཁན་མང་པོ་ཞིག་ཐོན་ཚར་བ་རེད། དེ་ཡིན་དུས་ང་ཚོའི་ངོས་ནས་དེ་ཚོའི་ཐོག་ལ་གདོང་ལེན་བྱེད་དགོས་རྒྱུ་དང་། ཞིབ་འཇུག་བྱེད་དུས་རྒྱ་ནག་གཞུང་གི་སྲིད་བྱུས་ག་རེ་ཡིན་ནའང་བོད་ཀྱི་ཐོག་ལ་འཛིན་པའི་སྲིད་བྱུས་མང་པོ་ཞིག་ལམ་ལྷོངས་བྱུང་མེད་པ་ཧ་ཅང་གསལ་པོ་ཆགས་ཡོང་གི་འདུག དྲག་གནོན་གྱི་རྣམ་པ་དེ་མར་མུ་མཐུད་དེ་འགྲོ་བ་ཙམ་རེད་མ་གཏོགས། དོན་དག་གི་ཐོག་ནས་ལམ་ལྷོངས་མེད་པའི་གནས་བབ་མང་པོ་ཆགས་ཀྱི་འདུག དེ་ཡིན་དུས་བོད་མིའི་སྒྲིག་འཛུགས་དང་། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རེད། ང་རང་ཚོའི་ད་ལྟའི་ཁ་ཡོད་ལག་ཡོད་ཀྱི་སྒྲིག་འཛུགས་འདི་མང་གཙོ་ཚད་དང་ལྡན་པའི་སྒོ་ནས་འགྲོ་ཡི་ཡོད་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཚོས་མང་གཙོའི་སྒྲིག་འཛུགས་ཤིག་ལ་ངོས་འཛིན་བྱས་ཏེ་འགྲོ་ཡི་ཡོད་རེད། དེ་ཡིན་དུས་རྒྱ་ནག་གི་ཐོག་ནས་ཡིན་ནའང་ང་རང་ཚོའི་སྒྲིག་འཛུགས་འདི་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་ཕྱོགས་ཕན་ཚུན་གཉིས་ཀ་ཡིད་ཆེས་སླེབ་ཐུབ་པའི་ཁོར་ཡུག་ཅིག་བཟོ་ཐུབ་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག དེ་མ་གཏོགས་བོད་ནང་དུ་བཟང་ཕྱོགས་གྱི་འགྱུར་བ་མ་ཕྱིན་གྱི་བར་དུ། ཕྱི་ལ་ང་ཚོས་རྒྱ་མིར་རེ་བ་འདྲ་བརྒྱབ་བསྡད་ན། དེ་རེ་བ་སྟོང་ཟད་རེད་བསམ་གྱི་འདུག དེ་ཡིན་དུས་ཕྱོགས་ཚང་མ་ནས་ཆབ་སྲིད་ཀྱི་དགོངས་པ་བཞེས་ཕྱོགས་འདི་དེ་འདྲ་ཞིག་གནང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན།

དེ་བཞིན་ང་ཚོའི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་ལ་ཚོགས་དྲུང་ལས་ཁུངས་རེད། དེ་བཞིན་བདེ་སྲུང་ལས་ཁུངས་རེད། ལས་རིམ་གསར་ཤོག་ཕབ་མཁན་ང་ཚོའི་ལྷན་ཁང་ཁག་གི་ལས་བྱེད་རྣམ་པ་རེད། དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་སྡེ་ཚན་རེད། ནང་སྲིད་ལས་ཁུངས་ཀྱི་ས་ཁང་གི་གློག་བཟོ་ལས་བྱེད་རེད། དེ་བཞིན་ཕྱི་དྲིལ་སྒྲ་བརྙན་སྡེ་ཚན་གྱིས་ང་ཚོའི་གྲོས་ཚོགས་ཐད་གཏོང་གནང་མཁན་འབྲེལ་ཡོད་ཚང་མར། དེ་རིང་གི་གྲོས་ཚོགས་འདི་ཐོག་མར་ཚོགས་གཙོ་གཉིས་ཀྱི་བསམ་བློའི་ནང་ལས་རིམ་གང་བང་བསྒྲིགས་པ་དེ་ཚགས་ཚུད་པོ། དོན་དང་ལྡན་པ་ཡག་པོ་ཞིག་བྱུང་སོང་། དེ་ཡིན་དུས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཞིག་དང་། དཔལ་ལྡན་སྲིད་སྐྱོང་གཙོས་པའི་འཛིན་སྐྱོང་བཀའ་བློན་རྣམ་པ་རེད། དེ་བཞིན་བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མས་ལས་རིམ་ཚང་མའི་ཐོག་ལ་ཆ་ཤས་བཞེས། འགན་འཁུར་བཞེས་ནས་ང་ཚོའི་ལས་རིམ་འདི་དོན་དང་ལྡན་པ་ཚགས་ཚུད་པོ་ཡག་པོ་ཞིག་བྱུང་སོང་བསམ་གྱི་ཡོད། དེ་ཡིན་དུས་འབྲེལ་ཡོད་ཚང་མར་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།