25
Thu, Apr

ཕྱི་ལོ་༢༠༢༣ ཟླ་༥ཚེས་༢ཉིན། བཞུགས་སྒར་རྡ་སར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་བཅུ་དྲུག་པ་ཚོགས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༥ཚེས་༢ཉིན། བཞུགས་སྒར་རྡ་སར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་བཅུ་དྲུག་པ་འཚོགས་བཞིན་འདུག སྐབས་དེར། སྐུ་མགྲོན་གཙོ་བོ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞན་བརྟེན་གྱི་བསམ་བློ་དོར་ནས་རང་ཉིད་ཀྱིས་དཔལ་འབྱོར་མཁོ་སྒྲུབ་བྱ་རྒྱུར་པར་དཀའ་ལས་རྒྱག་ནས་བོད་མི་གཞན་ལ་རོགས་རམ་བྱེད་ཐབས་བྱེད་དགོས་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་བཅུ་དང་ཕྱེད་ཀའི་ཐོག བཞུགས་སྒར་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་བཅུ་དྲུག་པའི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་སོང་། སྐབས་དེར། སྐུ་མགྲོན་གཙོ་བོར་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་འཕྲོད་རྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། བོད་ཀྱི་ཐེབས་རྩའི་འགན་འཛིན་བྷོན་ཨཱ་ཁིར་སོན་ལགས་གཙོས་པའི་སྐུ་མགྲོན་དང་། ཚོགས་པ་དེའི་ཚོགས་མི་སོགས་ཁྱོན་མི་དྲུག་ཅུ་ལྷག་མཉམ་འཛོམས་བྱས་འདུག

ཐོག་མར། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་མི་ཚོང་ལས་བདེ་ཚོགས་ནི་ཕྱི་ལོ་༢༠༠༥་ལོར་བཙུགས་པ་དང་སྐབས་དེར་ཚོགས་མི་༣༩་ཡོད་སྐོར་བཅས་ཚོགས་པ་དེའི་ལོ་རྒྱུས་དང་དེའི་བྱུང་རིམ་སྐོར་བརྗོད་སོང་། དེ་ནས་རིམ་བཞིན་དྲ་ཐོག་ནས་ཚོང་ལས་གཉེར་འགོ་བརྩམས་པ་དང་ད་ལྟར་བོད་ཀྱི་ཁྲོམ་ར་(Tibet Bazzar.com)ཞེས་པ་དང་། ལ་སོ(LaaSo.in)ཞེས་པ། བར་སྐོར(Bharkor.com)་ཞེས་པ། ནོར་བུ་མ་འཛུགས་(Norbucapital.com) བཅས་ཡོད་པ་དང་། དུས་དང་བསྟུན་ནས་ཡར་རྒྱས་གཏོང་རྒྱུ་དང་མ་འོངས་པར་རྒྱལ་སྤྱིའི་ཚོང་སྡེ་དང་མཉམ་འབྲེལ་བྱ་རྒྱུའི་ཐབས་ཤེས་གཏོང་རྒྱུ་ཡིན་སྐོར་བརྗོད་སོང་།

ད་དུང་། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཚེས་༢༦་ནས་༢༧་བར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ལ་རྒྱལ་སྤྱིའི་བོད་མའི་ཁེ་ལས་པའི་ཚོགས་ཆེན་ཞིག་འཚོགས་རྒྱུ་ཡིན་པ་དང་། སྐབས་དེར། ཚོང་ལས་སྐོར་ལ་གྲོས་བསྡུར་བྱ་རྒྱུ་ཡིན་པ་མ་ཟད་ཚོང་ལས་ཚོགས་པ་ཞིག་གསར་འཛུགས་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།

གཞན་ཡང་། བོད་མིའི་ཚོང་ལས་བདེ་ཚོགས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་མ་ཟད། ཉེ་ཆར་༧གོང་ས་མཆོག་ལ་མ་ཉེས་ཁ་གཡོག་བྱས་པར་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་འཇོག་རྒྱུ་དང་མ་འོངས་དེ་ལྟར་མི་འབྱུང་ཆེད་གང་བྱེད་དགོས་མིན་གྱི་ཐད་ལ་གྲོས་བསྡུར་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།

དེ་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་དེ་རིང་ཚོགས་འདུ་འདིར་བུད་མེད་ཚོང་པ་མང་པོ་ཡོད་པར་བསྔགས་བརྗོད་དང་སྦྲགས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་མ་འོངས་འཆར་གཞི་ཡོད་པ་དང་། བོད་མི་ཚོས་མཉམ་ལས་བྱས་ནས་གཅིག་ཕན་གཅིག་རོགས་བྱེད་དགོས་སྐོར་སོགས་གསུངས་སོང་།

དེའི་རྗེས། སྐུ་མགྲོན་གཙོ་བོ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་དོན། ང་ཚོའི་དཔལ་འབྱོར་ནི་གཞན་ལ་བརྟེན་ཡོང་གི་ཡོད། བོད་མི་ཚོས་རང་ཁ་རང་གསོ་བྱེད་དགོས་པ་གལ་ཆེན་ཡིན། བཟང་སྤྱོད་ལྡན་པའི་ཚོང་ལས་ཡོང་ཐབས་ལ་རང་ཉིད་ཀྱིས་དཀའ་ལས་རྒྱག་དགོས་པ་དང་ཡར་རྒྱས་གཏོང་ཐབས་བྱེད་དགོས། ཚོང་ལས་ཀྱི་ལས་འཆར་སྤྱི་ཚོགས་ནང་དུ་གོ་རྟོགས་སྤེལ་ཐབས་བྱེད་དགོས་པའང་གལ་ཆེན་ཡིན་སྐོར་བརྗོད་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། བོད་པའི་གཞོན་སྐྱེས་ཚོ་རྒྱ་གར་ནང་དུ་ཚོང་ལས་བྱེད་པའི་གོ་སྐབས་ཡོད། དེའི་ཐོག་ཡར་རྒྱས་དང་འགྲན་བསྡུར་བྱེད་པའི་གོ་སྐབས་ཡང་ཡོད། དེར་བརྟེན་ཕྱི་རྒྱལ་ཁག་ཏུ་འགྲོ་བ་ལས་རྒྱ་གར་ནང་དུ་ཚོང་ལས་གཉེར་ན་ཡག་པོ་ཡོད་རེད། དེ་ནས་ཚོང་པ་ཕྱུག་པོ་ཆགས་ན་མི་རབས་ནས་མི་རབས་ལ་ཕན་ཐོགས་ཡོང་གི་ཡོད། དཔལ་འབྱོར་ཐོག་ནས་རང་ཉིད་ཀྱི་མདུན་ལམ་དང་གཞན་གྱི་མདུན་ལམ། དེ་ནས་སྤྱི་ཚོགས་ཀྱི་མདུན་ལམ་དང་རྒྱལ་ཁབ་ཀྱི་མདུན་ལམ་བཟོ་ཐུབ་པ་དགོས་པ་གལ་ཆེན་པོ་རེད། གཞན་བརྟེན་གྱི་བསམ་བློ་དོར་ནས་རང་ཉིད་ཀྱིས་དཔལ་འབྱོར་མཁོ་སྒྲུབ་བྱེད་རྒྱུར་དཀའ་ལས་རྒྱག་ནས་བོད་མི་གཞན་ལ་རོགས་རམ་བྱེད་ཐབས་བྱེད་དགོས་པ་གལ་ཆེན་རེད། དེང་སང་དཔལ་འབྱོར་གལ་ཆེན་ཆགས་བཞིན་ཡོད། ཆབ་སྲིད་དང་རིག་གཞུང་དེའི་ཐོག་ནས་འགྲོ་དགོས་ཡོད་པ་རེད། ཚང་མས་རྒྱ་ནག་ལ་བརྟེན་དགོས་པའང་དཔལ་འབྱོར་ཡག་པོ་ཡོད་པར་བརྟེན་ནས་རྒྱལ་ཁབ་གཞན་པ་མང་པོ་དེའི་འགྲོ་བཞིན་ཡོད་རེད། ཅེས་སོགས་ཀྱི་སྐོར་ལ་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།