19
Sun, May

ཕྱི་ལོ་༢༠༢༤ ཟླ་༥ ཚེས་༥ ཉིན། ཡུ་རོབ་རྒྱལ་ཁབ་བཅུ་ནས་བོད་མི་སྟོང་ཕྲག་བཞི་ལྷག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཧྥ་རན་སིར་སླེབས་པར་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ་༥ ཚེས་༥ ཉིན། ཡུ་རོབ་རྒྱལ་ཁབ་བཅུ་ནས་བོད་མི་སྟོང་ཕྲག་བཞི་ལྷག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཧྥ་རན་སིར་སླེབས་པར་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་འདུག ལས་འགུལ་བ་ཚོས་རྒྱ་གཞུང་གིས་བོད་ནང་དུ་བོད་མི་ཚོའི་ཆོས་དད་རང་དབང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་རྣམས་རྡོག་རོལ་བཏང་དང་གཏོང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད་པ་དང་རྒྱ་གཞུང་གིས་བཙན་དབང་ངང་བོད་ཕྲུག་ས་ཡ་གཅིག་ལྷག་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་ནང་དུ་བཅུག་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག

དེ་ཡང་། ཟླ་འདིའི་ཚེས་༤ ཉིན་གྱི་ཞོགས་པར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཧྥ་རན་སིར་མ་འབྱོར་སྔོན་གྱི་ཉིན་ལ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་གཉིས་ཀྱིས་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག ལས་འགུལ་བ་བུད་མེད་ཚེ་ལྷ་དང་ཉི་མ་གཉིས་ཀྱིས་པེ་རི་སིའི་སྒོ་ཆེན་འགྲམ་གྱི་ལམ་ཁའི་སྒྲོན་སྟེགས་སྟེང་དུ་འཛེགས་ནས་བོད་ཀྱི་རྒྱལ་དར་དཔྱངས་བ་དང་སྲིད་དབང་སྒེར་འཛིན་པ་ཞི་ཅིན་ཕིང་། ཁྱོད་ཀྱི་(སྲིད་དབང་སྒེར་འཛིན)དུས་ཚོད་རྫོགས་པ་རེད་ཅེས་པའི་འཕྲད་དར་དཔྱངས་འདུག ད་དུང་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་འཕྲད་དར་ཞིག་ཀྱང་དཔྱངས་ནས་ཆུ་ཚོད་གཉིས་རིང་ཞི་ཅིན་ཕིང་དང་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག དེ་ནས་ཉེན་རྟོག་པས་ཁོ་མོ་གཉིས་བཀག་ཉར་བྱས་འདུག ཆུ་ཚོད་༡༠་རིང་བཀག་ཉར་བྱས་རྗེས་གློད་གྲོལ་བཏང་ཡོད་འདུག

ལས་འགུལ་བ་བུ་མོ་ཚེ་ལྷ་ལགས་ཀྱིས་བརྗོད་དོན། ཞི་ཅིན་ཕིང་གི་སྲིད་དབང་འོག བོད་ནང་གི་གནས་སྟངས་སྡུག་རུ་ཕྱིན་ཡོད། བོད་ནང་དུ་བོད་མི་ཡིན་པ་ཙམ་གྱི་ཉེས་ཅན་པ་ཆགས་ཀྱི་ཡོད། ཧྥ་རན་སིའི་སྲིད་འཛིན་མྰ་ཁི་རོན་གྱིས་ཞི་ཅིན་ཕིང་སྲིད་དབང་སྒེར་འཛིན་ཞིག་ལ་རྩིས་པའི་ཚབ་ཏུ་ཁོང་ཧྥ་རན་སིར་སླེབས་པར་དགའ་བསུ་བྱེད་ཀྱི་ཡོད། ཡུ་རོབ་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ཀྱིས་རྒྱ་ནག་སྲིད་འཛིན་གྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པ་དང་མི་རིགས་རྩ་མེད་བཟོ་བྱེད་བཞིན་པའི་བྱ་སྤྱོད་ལ་གདོང་ལེན་བྱེད་དགོས་པ་ལས་ཞི་ཅིན་ཕིང་གིས་ཁོ་རང་སྲིད་གཞུང་གི་ནག་ཉེས་སྦེད་ཐབས་བྱས་ནས་ཚོང་འབྲེལ་ཡོང་ཐབས་བྱེད་པར་ངོ་ལེན་བྱེད་མི་རུང་། ཅེས་འབོད་སྐུལ་ཞུས་འདུག

ལས་འགུལ་བ་བུ་མོ་ཉི་མ་ལགས་ཀྱིས་བརྗོད་དོན། ཞི་ཅིན་ཕིང་གིས་བོད་ཕྲུག་སྟོང་ཕྲག་བཅུ་ལྷག་བཙན་དབང་ངང་རང་ཉིད་ཀྱི་མེས་པོའི་ཁྱིམ་གཞི་ནས་ཁ་བྲལ་བཅུག་གི་ཡོད། ཡར་རྒྱས་ལ་ཁ་གཡར་ནས་བོད་ཀྱི་ལོ་རྒྱུས་ལྡན་པའི་དགོན་པ་མང་པོ་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད། དེར་བརྟེན། ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་དང་མི་མང་གིས་ཞི་ཅིན་ཕིང་མཉམ་དུ་མཉམ་འབྲེལ་མཚམས་འཇོག་བྱས་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག    

 



ཟླ་འདིའི་ཚེས་༥ ཉིན། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལས་འགུལ་བ་ལྔ་ཡིས་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་པེ་རི་སི་ནང་དུ་སླེབས་སྐབས། ཟམ་ཆེན་ཐོག་ནས་བོད་ཀྱི་རྒྱལ་དར་དང་བོད་ལ་རང་དབང་དགོས། སྲིད་དབང་སྒེར་འཛིན་པ་(ཞི་ཅིན་ཕིང)་ཁྱོད་ཀྱི་དུས་ཚོད་རྫོགས་པ་རེད་ཅེས་པའི་འཕྲད་དར་དཔྱངས་ནས་ངོ་རྒོལ་བྱས་འདུག


གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༣་པའི་ཐོག བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་གཞུང་འབྲེལ་མིན་པའི་ཚོགས་པ་གཞན་གྱི་ལས་འགུལ་བ་དང་བོད་དོན་རྒྱབ་སྐྱོར་ཁག་ཅིག་གཙོས་པའི་ཡུ་རོབ་རྒྱལ་ཁབ་ཁག་བཅུ་ནས་བོད་མི་སྟོང་ཕྲག་བཞི་ལྷག་གིས་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ཡི་རང་དབང་ལྷ་མོའི་འདྲ་སྐུ་ཡོད་པའི་སྤྱི་ཐང་དུ་མཉམ་འཛོམས་གནང་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཧྥ་རན་སིར་སླེབས་པར་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་འདུག སྐབས་དེར། བོད་མི་རྣམས་ཀྱིས་བོད་ལ་རང་དབང་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། བོད་ནི་རྒྱ་ནག་གི་ཆ་ཤས་མིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག ཞི་ཅིན་ཕིང་ཁྱོད་ཡུ་རོབ་ནང་སླེབས་པར་དགའ་བསུ་མེད། ཁྱོད་ནི་ལག་དམར་ཡིན། ཁྱོད་ནི་སྲིད་དབང་སྒེར་འཛིན་པ་ཡིན་ཞེས་སྐད་འབོད་གནང་འདུག དེ་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ཐོག་གཏམ་བཤད་རིམ་པ་སྤེལ་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་ལ་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་བཞིན་པར་གླེང་བའི་གོ་སྐབས་ཤིག་རེད་དེའི་ཐོག་ངེས་པར་དུ་གླེང་དགོས་པའི་འབོད་སྐུལ་ཞུས་འདུག ཧྥ་རན་སི་ཡིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་སྣང་མེད་བཏང་ནས་འབྲེལ་ལམ་མུ་མཐུད་ནས་བྱས་ན་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་རྒྱུ་སྔ་ལས་ཤུགས་ཆེ་རུ་འགྲོ་ཡི་རེད་ཅེས་བརྗོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།