27
Sat, Apr

ཕྱི་ལོ་༢༠༢༤་ལོར་ཨ་རི་ཡིས་སྲིད་འཛིན་གསར་པ་འོས་འདེམས་བྱེད་ཀྱི་ཡོད། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤་ཟླ་༡ ཚེས་༡༥ ཉིན་སྤེལ། ཨ་རིའི་ཕྱི་ལོ་༢༠༢༤་ལོའི་འོས་བསྡུ་རིམ་པོ་དང་པོ་དེ་རིང་ནས་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་འོས་མི་གཙོ་བོ་ཁག་ནི་ལས་ཐོག་སྲིད་འཛིན་ཇོ་བྷི་ཌན་དང་སྲིད་འཛིན་ཟུར་པ་ཌོ་ཎལ་ཊུམ་ཕུ། དེ་བཞིན་དེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ནང་ཨ་རིའི་སྐུ་ཚབ་གནང་མྱོང་མཁན་བུད་མེད་ནི་ཀི-ཧཱ་ལེ་བཅས་སྲིད་འཛིན་ལ་ལངས་མཁན་འོས་མི་ཁྱོན་༡༩་བྱུང་ཡོད་པ་དང་། དེའི་ནང་ནས་ཕྱིར་འཐེན་བྱེད་མཁན་༨་དང་ད་ལྟར་སྲིད་འཛིན་འོས་མི་ལངས་མཁན་འོས་མི་༡༡་ཡོད་འདུག

དེ་ཡང་། ཕྱི་ལོ་༢༠༢༤་ལོའི་ཨ་རིའི་འོས་བསྡུ་དངོས་གཞི་ནི། ཕྱི་ཟླ་༡༡ ཚེས་༥ཉིན་ཡིན་ཞིང་། ཕྱི་ཟླ་༡༢ ཚེས་༡༡ ཉིན། དངོས་གཞི་འོས་བསྡུ་ལ་མངའ་སྡེ་སོ་སོ་ནས་མཐའ་མའི་འོས་ལྡུག་སྐུ་ཚབ་རྣམས་འདེམ་གྱི་ཡོད་ཅིང་། ཕྱི་ཟླ་༡༢ ཚེས་༡༧ ཉིན། མངའ་སྡེ་ཁག་གི་མཐའ་མའི་འོས་ལྡུག་སྐུ་ཚབ་རྣམས་ཀྱིས་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་འོས་མི་ལ་འོས་ཤོག་ལྡུག་གི་ཡོད།

དེ་ནས་ཕྱི་ལོ་༢༠༢༥ ལོའི་ཟླ་༡་ཚེས་༦ ཉིན། ཨ་རི་གྲོས་ཚོགས་ཀྱིས་འོས་ཤོག་གྲངས་ཀ་རྩིས་ཀྱི་ཡོད་འདུག ཕྱི་ཟླ་༡་ཚེས་༢༠ ཉིན། སྲིད་འཛིན་གསར་པའི་ལས་ཀ་འགོ་འཛུགས་སམ་རྟེན་འབྲེལ་མཛད་སྒོ་འཚོགས་ཤིང་། སྐབས་དེར། འདེམས་ཐོན་སྲིད་འཛིན་དང་སྲིད་འཛིན་གཞོན་པ་གཉིས་ཀྱིས་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་འགན་འཁུར་བཞེས་པའི་དམ་བཅའ་འབུལ་བར་བྱེད།

ཨ་རིའི་དམངས་གཙོ།

དམངས་གཙོའམ་ཌེ་མོ་ཁེ་རིས་སིལ་(Democracy)ཞེས་པའི་ “ཌེ་མོ”(demo)་ནི་གྷི་རི་སིའི་ཚིག་ནས་དམངས་དང་། “ཁི་རིས་སིལ”(cracy)ནི་དབང་ཆ་དང་། སྲིད་གཞུང་། ལམ་ལུགས་ཞེས་པའི་དོན་ཡིན་པར་གསལ། དེར་བརྟེན། ཌེ་མོ་ཁེ་རིས་སིལ་ཞེས་པ་ནི། དམངས་གཙོའི་སྲིད་གཞུང་དང་དམངས་ལ་དབང་བའི་སྲིད་གཞུང་ཞིག་ཡིན། དེ་ཡང་མི་དམངས་ཀྱིས་ཐད་ཀར་རང་ཉིད་ཀྱི་སྐུ་ཚབ་བདམས་ནས་སྲིད་དབང་འཛིན་གྱི་ཡོད་ལ། སྐུ་ཚབ་དེས་མི་དམངས་གི་བདེ་སྡུག་ལ་ཐུགས་ཁུར་དང་འགན་བཞེས་དགོས།

དེ་ཡང་། ཨ་རིའི་སྲིད་འཛིན་བཅུ་དྲུག་པ་ཨེབ་བྷི་ར་ཧམ་ལིན་ཀོན་ (Abraham Lincoln)་མཆོག་གིས། དམངས་གཙོ་ནི་མི་དམངས་ཀྱི་གཞུང་དང་། མི་དམངས་ཀྱིས་བཙུགས་པའི་གཞུང་། མི་དམངས་ཀྱི་ཆེད་དུ་བཙུགས་པའི་གཞུང་ཞིག་ཡིན་ཞེས་གསུངས་ཡོད།

ཨ་རིའི་དམངས་གཙོ་གཞུང་ནི་ཇི་ལྟ་བུ་ཞིག་ཡིན་ནམ། ཨ་རིའི་དམངས་གཙོ་ནི་དུས་རབས་བཅུ་གསུམ་ནས་འགོ་བརྩམས་ནས་རིམ་བཞིན་ཡར་རྒྱས་སུ་སོང་ཡོད་ཅིང་། ད་ལྟར་ཨ་རིའི་གཞུང་ནི་འཐུས་མི་དམངས་གཙོ་ཡི་ལམ་ལུགས་ལྡན་པ་ཞིག་ཡིན། དེ་ཡང་མི་དམངས་ཀྱིས་རང་གི་འཐུས་མི་རྣམས་འོས་བླུགས་ནས་འདེམ་གྱི་ཡོད། འཐུས་མི་རྣམས་ཀྱིས་མི་མང་གི་བསམ་འཆར་དང་འགན་འཁུར་མཚོན་ཞིང་། འོས་བསྡུ་ནི་དམངས་གཙོའི་ལམ་དུ་བསྐྱོད་པའི་ལམ་བུ་ཁོ་ན་ཡིན། དེ་ཡང་མི་མང་གིས་རང་ཉིད་ཀྱི་འཐུས་མི་ལ་འབྲེལ་བ་བྱས་ནས་ཁྲིམས་གང་ཞིག་ལ་རྒྱབ་སྐྱོར་ཡོད་མེད་དང་། ཡང་ན་བསྒྱུར་བཅོས་གཏོང་དགོས་མིན་གྱི་ཐད་ལ་བསམ་ཚུལ་བརྗོད་ཆོག །འཐུས་མིར་འོས་ལྡུག་པ་དང་འཐུས་མིར་འབྲེལ་བ་བྱེད་པ་ནི་མི་དམངས་ཐད་ཀར་དམངས་གཙོའི་ལམ་དུ་ཞུགས་པའི་ལམ་བུ་གཉིས་པ་དེ་ཡིན།

ཨ་རིའི་གྲོས་ཚོགས་སྤྱི་མིང་ལ་ཀོན་གྷི་རེ་སི་(Congress) ཟེར་ཞིང་། དེ་ལ་གྲོས་ཚོགས་གོང་མ་དང་འོག་མ་ཞེས་གཉིས་ཡོད། གྲོས་ཚོགས་གོང་མ་ལ་སེ་ནེ་ཊི་(Senate)ཟེར་ཞིང་། གྲོས་ཚོགས་འོག་མ་ལ་འཐུས་མིའི་ཁང་པ་(House of Representatives)་ཟེར། གྲོས་ཚོགས་གོང་མའི་ནང་དུ་ཨ་རིའི་མངའ་སྡེ་རེར་འཐུས་མི་གཉིས་རེ་དང་ཁྱོན་མངའ་སྡེ་༥༠་ནས་འཐུས་མི་༡༠༠་སླེབས་ཀྱི་ཡོད། གྲོས་ཚོགས་འོག་མའི་ནང་དུ་མང་གཙོ་དང་སྤྱི་འཐུས་ཚོགས་པ་གཉིས་ཀྱི་འཐུས་མི་༤༣༥ ཡོད་ཅིང་། དེ་དག་ནི་ཨ་རིའི་མངའ་སྡེ་༥༠་ཡི་རྫོང་ཁག་གི་ནང་ནས་སླེབས་ཀྱི་ཡོད་འདུག མངའ་སྡེ་ཁག་གི་འཐུས་མི་མང་ཉུང་ཆ་སྙོམས་མིན་པ་དང་ཁ་ཤས་མང་པོ་དང་ཁ་ཤས་ཉུང་ཉུང་སླེབས་ཀྱི་ཡོད་འདུག དེ་དག་ནི་མངའ་སྡེ་དེའི་ནང་གི་མི་འབོར་གཞི་བཞག་གི་འགོས་པའི་རྫོང་ག་ཚོད་ཡོད་མེད་ལ་རག་ལས་ཡོད་འདུག

ཨ་རིར་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་ཞེས་ཆབ་སྲིད་ཀྱི་ཚོགས་པ་གཉིས་ཡོད་ཅིང་། ཨ་རིའི་སྲིད་འཛིན་ཚོགས་པ་འདི་གཉིས་གང་རུང་ལས་ཡོང་གི་ཡོད། དམངས་གཙོ་ཚོགས་པའི་འཐུས་མི་རྣམས་ནི། ཨ་རིའི་མི་དམངས་ཀྱིས་མངའ་སྡེ་༥༠་ནས་དངོས་སུ་འོས་ཤོག་བླུགས་ནས་འདེམ་གྱི་ཡོད་ལ། མངའ་སྡེ་ཁག་ཅིག་ནས་མི་འབོར་གཞིར་བཟུང་གི་འཐུས་མི་ ཡོང་གི་ཡོད། ཐ་ན་མངའ་སྡེ་ཁ་ཤས་ལ་འཐུས་མི་གཅིག་མ་གཏོགས་མེད་པ་དེ་འདྲའང་ཡོད། དཔེར་ན། མངའ་སྡེ་ཁཱ་ལི་ཧྥོར་ནིར་ཡ་(California)་ལ་འཐུས་མི་༥༢་ཡོད་པ་དང་། མངའ་སྡེ་ཨ་ལ་སི་ཀ་ལ་འཐུས་མི་གཅིག་མ་གཏོགས་མེད་པ་ལྟ་བུ་ཡིན། གྲོས་ཚོགས་འོག་མའི་འཐུས་མི་རྣམས་ནི་ལོ་གཉིས་རེའི་མཚམས་སུ་ཐེངས་རེར་འོས་བསྡུ་བྱེད། གྲོས་ཚོགས་གོང་མའི་འཐུས་མི་རྣམས་ལོ་ངོ་དྲུག་རེའི་མཚམས་སུ་འོས་བསྡུ་ཐེངས་རེ་བྱེད་ཀྱི་ཡོད།

འོས་བླུགས་པའི་ཐོབ་ཐང་ཨ་རིའི་མི་སེར་ཀུན་ལ་ཡོད། ཨ་རི་ནང་སྐྱེས་པའི་བྱིས་པ་ཚང་མ་རང་བཞིན་གྱིས་ཨ་རིའི་མི་སེར་ཆགས་ཀྱི་ཡོད་པ་དང་། ཕྱི་ལོག་ནས་ཡོང་བའི་མི་རྣམས་ཀྱིས་ལོ་ལྔའི་རྗེས་སུ་ཡིག་ཚད་བཏང་ནས་ཨ་རིའི་མི་སེར་ཆགས་དགོས་ཤིང་། ཨ་རིའི་མི་སེར་ལ་ཐོབ་ཐང་མང་པོ་ཞིག་ཡོད་པ་བཞིན་འགན་ཡང་མང་པོ་ཞིག་ཡོད། མི་སེར་རྣམས་ཀྱི་ལས་འགན་ནི། ཨ་རིའི་ཁྲིམས་དང་སྒྲིག་སྲོལ་སྲུང་བརྩི་བྱེད་དགོས་པ་དང་། ཨ་རི་རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་ཡིན་དགོས་པ། དམག་འཁྲུག་བྱུང་ན་དམག་སར་འགྲོ་དགོས་པ་བཅས་ཡིན།

རྒྱ་གར་ལྟར་ཨ་རི་ལའང་དབུས་གཞུང་དང་མངའ་སྡེ་གཞུང་ཡོད་ཅིང་། དབུས་གཞུང་ལ་སྒོར་མོ་པར་སྐྲུན་དང་། ཆིངས་ཡིག་འཇོག་རྒྱུ། དམག་མི་བསྡུ་རྒྱུ། དམག་འཁྲུག་རྒྱག་རྒྱུའི་གསལ་བསྒྲགས་སྤེལ་རྒྱུའི་དབང་ཆ་སོགས་ཡོད། མངའ་སྡེའི་གཞུང་ལ་མང་ཚོགས་ལ་སློབ་སྦྱོང་སྤྲོད་རྒྱུ་དང་། བདེ་འཇགས་འགན་སྲུང་བྱེད་རྒྱུ་(ཉེན་རྟོག་པ)། མེ་སྐྱོན་སྲུང་སྐྱོབ། ཁ་ལོ་བར་ལག་འཁྱེར་སྤྲོད་པ། ས་ཆ་བེད་སྤྱོད་གཏོང་ཕྱོགས་ཐད་ཀྱི་དབང་ཆ་སོགས་ཡོད།

ཨ་རིའི་འོས་བསྡུ་བརྒྱུད་རིམ།

ཨ་རིའི་འོས་བསྡུ་ཆེན་པོ་ནི། ལོ་བཞི་རེར་ཐེངས་རེར་འོས་ལྡུག་གི་ཡོད་ཅིང་། སྤྱི་ཟླ་༡༡ ཚེས་འགོའམ་གཟའ་འཁོར་དང་པོའི་གཟའ་མིག་དམར་ལ་འོས་དངོས་གཞིའི་འོས་བསྡུ་ཡི་འགོ་རྩོམ་གྱི་འདུག་ཅིང་། སྲིད་འཛིན་འོས་མི་མ་མཐར་ཡང་ལོ་༣༥ ཡན་སོན་དགོས་ཡོད་པ་དང་། ཨ་རི་རྒྱལ་ཁབ་ནང་དུ་སྐྱེས་དགོས་ཤིང་། ལོ་༡༤ རིང་ཨ་རིའི་ནང་དུ་གནས་སྡོད་བྱས་ཡོད་པ་ཞིག་ཡིན་དགོས་འདུག

ཨ་རིའི་འོས་བསྡུ་ལས་རིམ་ནི་ལོ་གཅིག་རིང་བྱེད་ཅིང་། ཐོག་མར་སྲིད་འཛིན་འོས་མིར་ལངས་ཚོས་རང་ཉིད་སྲིད་འཛིན་དུ་ལངས་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ། རྒྱལ་ཁབ་ཡར་རྒྱས་ཇི་ལྟར་གཏོང་རྒྱུ་ཡིན་པ་དང་། ལངས་ཕྱོགས་སམ་སྲིས་བྱུས་ཇི་ལྟར་འཛིན་མིན་སོགས་འགྲེལ་བཤད་དང་ཁྱབ་བསྒྲགས་བྱེད།

དེ་ནས་ཆབ་སྲིད་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མི་རྣམས་རྒྱལ་ཡོངས་ལ་སྐོར་བསྐྱོད་བྱས་ནས་མི་མང་གི་རྒྱབ་སྐྱོར་ཐོབ་ཐབས་དང་དེ་བཞིན་རང་ཉིད་ཀྱི་འོས་བསྡུ་ཁྱབ་བསྒྲགས་འགྲོ་སོང་ཆེད་དཔལ་འབྱོར་བསྡུ་རུབ་བྱེད། དེའི་རྗེས་ཆབ་སྲིད་ཚོགས་པ་གཉིས་ཀའི་སྲིད་འཛིན་འོས་མི་རྣམས་བརྙན་འཕྲིན་བརྒྱུད་ནས་བགྲོ་གླེང་བྱེད། སྐབས་དེར། སྲིད་འཛིན་འོས་མི་རྣམས་ཀྱིས་ཁོ་ཚོའི་འཆར་གཞི་དང་སྲིད་བྱུས་འགྲེལ་བརྗོད་དང་དེ་བཞིན་དྲི་བ་ཁག་པོ་དེ་ཚོར་ལན་འདེབས་བྱེད།

འོས་བསྡུ་བྱེད་པའི་ལོ་དེའི་ཟླ་བ་དང་པོ་ཡང་ན་གཉིས་པའི་ནང་དུ་སྔོན་འགྲོའི་འོས་བསྡུ་(primaries)དང་། ལོ་དེའི་སྤྱི་ཟླ་༡༡ ནང་དུ་དངོས་གཞིའི་འོས་བསྡུ་(General election) འགོ་རྩོམཔར་བྱེད། སྔོན་འགྲོའི་འོས་བསྡུ་ནི་མངའ་སྡེ་སྲིད་གཞུང་དང་ས་གནས་གཞུང་ནས་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། མི་མང་རྣམས་ཀྱིས་རང་ཉིད་འདོད་མོས་ཡོད་པའི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གང་རུང་གི་སྲིད་འཛིན་འོས་མི་འོས་ལྡུག་གི་ཡོད་ཅིང་། མངའ་སྡེའང་རྫོང་རིམ་པའི་ཆབ་སྲིད་ཚོགས་པའི་ཚོགས་མི་རྣམས་ཀྱིས་གསང་བའི་སྒོ་ནས་རང་ཉིད་ཀྱི་ཆབ་སྲིད་ཚོགས་པའི་ཁོངས་ནས་འདོད་མོས་ཡོད་པའི་སྲིད་འཛིན་འོས་མི་ཚོར་འོས་ལྡུག་ཡོད་འདུག། ཆབ་སྲིད་ཚོགས་པ་གཉིས་ལ་ཇུས་སྟོན་ཚོགས་ཆུང་(caucus)་རེ་ཡོད་ཅིང་། ཚོགས་པ་འདི་གཉིས་ཀྱིས་བགྲོ་གླེང་དང་གྲོས་བསྡུར་མང་དག་བརྒྱུད་ནས་སྲིད་འཛིན་འོས་མི་ལེགས་ཤོས་དེ་འདེམས་ཀྱི་ཡོད། དེའི་རྗེས། རྒྱལ་ཡོངས་ལྷན་ཚོགས་(National Convention)་འཚོགས་ཀྱི་ཡོད་པ་དང་། སྐབས་དེར། ཆབ་སྲིད་ཚོགས་པ་གཉིས་ནས་སྲིད་འཛིན་འོས་མི་གཅིག་དང་སྲིད་འཛིན་གཞོན་པ་འོས་མི་གཅིག་གསལ་བསྒྲགས་བྱེད། དེ་ནས་ཨ་རི་རྒྱལ་ཡོངས་ལ་སྐོར་བསྐྱོད་བྱས་ནས་ཁོ་ཚོའི་སྲིད་བྱུས་སོགས་ཁྱབ་བསྒྲགས་བྱེད།

ཨ་རིའི་མངའ་སྡེ་ལོ་བ(Lowa)་དང་ལྷོ་ཁཱ་རོ་ལིན་ན་(Carolina) གཉིས་ནི། ཆབ་སྲིད་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མི་སུ་ཞིག་ལ་མཐའ་མའི་རྒྱལ་ཁ་འཐོབ་མིན་དང་འབྲེལ་བའི་གནད་འགག་གི་མངའ་སྡེ་གཉིས་ཡིན་འདུག གང་ཡིན་ཟེར་ན་མངའ་སྡེ་འདི་གཉིས་ཀྱི་ནང་དུ་འོས་ཤོག་དང་པོ་དེ་ལྡུག་གི་ཡོད་པ་དང་། གལ་ཏེ་མངའ་སྡེ་འདི་གཉིས་ནས་འོས་ཐོབ་པ་ཡིན་ན། ཆབ་སྲིད་ཚོགས་པ་དང་སྲིད་འཛིན་འོས་མི་ལ་མཐའ་མའི་རྒྱལ་ཁབ་ཐོབ་པར་རེ་བ་དང་སེམས་ཤུགས། དེ་བཞིན་མངའ་སྡེ་གཞན་ནས་འོས་ཤོག་དང་དཔལ་འབྱོར་སྒང་ནས་ཀྱང་རྒྱབ་སྐྱོར་ཐོབ་ཀྱི་ཡོད་འདུག འོན་ཀྱང་། མངའ་སྡེ་འདི་གཉིས་ལས་འོས་ཤོག་ཐོབ་པ་ཙམ་གྱི་མཐའ་མའི་རྒྱལ་ཁ་ཐོབ་ངེས་པའི་ཁྱབ་པའང་མི་འདུག

དེ་ནས་སྤྱི་ཟླ་༡༡ ཚེས་འགོའམ་གཟའ་འཁོར་དང་པོའི་གཟའ་མིག་དམར་འོས་བསྡུ་ཉིན་མོར་འོས་དངོས་གཞི་དེ་ལྡུག་གི་ཡོད་པ་དང་། སྐབས་དེར། མི་དམངས་རྣམས་ཀྱིས་མངའ་སྡེའི་སྐུ་ཚབ་བམ་ཡང་ན་མཐའ་མའི་འོས་ལྡུག་སྐུ་ཚབ་རྣམས་འདེམ་དགོས། མངའ་སྡེ་༥༠་ནས་ཁྱོན་མཐའ་མའི་འོས་ལྡུག་སྐུ་ཚབ་༥༣༨་སླེབས་ཀྱི་ཡོད་པ་དང་། ཁོ་ཚོར་འོས་ལྡུག་ཚོགས་པ་(Electoral College)་ཟེར། མངའ་སྡེ་ཁག་ནས་ཕེབས་པའི་མཐའ་མའི་འོས་ལྡུག་སྐུ་ཚབ་རྣམས་སྤྱི་ཟླ་༡༢་པའི་ཟླ་དཀྱིལ་ལ། རང་ཉིད་ཀྱི་མངའ་སྡེ་ནང་དུ་འཛོམས་ནས་སྲིད་འཛིན་འོས་མིར་འོས་ལྡུག་གི་ཡོད་ཅིང་། འོས་ལྡུག་ཚོགས་པ་དེས་སྲིད་འཛིན་འོས་མི་གང་ཞིག་ལ་འོས་བླུགས་ནས་འོས་ཤོག་༢༧༠་ལས་མང་བ་ཐོབ་ན། སྲིད་འཛིན་འོས་མི་དེར་རྒྱལ་ཁ་ཐོབ་ཀྱི་ཡོད་འདུག ཕྱི་ཟླ་༡་ཚེས་༢༠ ཉིན། སྲིད་འཛིན་གསར་པའི་ལས་ཀ་འགོ་འཛུགས་སམ་རྟེན་འབྲེལ་མཛད་སྒོ་འཚོགས་ཤིང་། སྐབས་དེར། འདེམས་ཐོན་སྲིད་འཛིན་དང་སྲིད་འཛིན་གཞོན་པ་གཉིས་ཀྱིས་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་འགན་འཁུར་བཞེས་པའི་དམ་བཅའ་འབུལ་བར་བྱེད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།