27
Sat, Apr

ཐེ་ཝན་གྱི་སྲིད་འཛིན་གསར་པ་ལིད་ཆིན-ཌེ(Lai Ching-te)་དང་སྲིད་འཛིན་གཞོན་པ་ཤིའུ་སྦི་ཁིམ་(Hsiao Bi-khim)་རྣམ་གཉིས། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ་༡ ཚེས་༡༣ ཉིན། ཐེ་ཝན་འོས་བསྡུ་ཆེན་མོ་ནང་དུ། ཐེ་ཝན་ཆབ་སྲིད་ཚོགས་པ་གསུམ་ནང་ནས་དམངས་གཙོ་ཡར་རྒྱས་ཚོགས་པའི་སྲིད་འཛིན་འོས་མི་ལིད་ཆིན-ཌེ(Lai Ching-te)་དང་སྲིད་འཛིན་གཞོན་པ་འོས་མི་ཤིའུ་སྦི་ཁིམ་(Hsiao Bi-khim)་ལ་རྒྱལ་ཁབ་ཐོབ་ནས། ཁོང་གཉིས་ཐེ་ཝན་གྱི་སྲིད་འཛིན་གསར་པ་དང་སྲིད་འཛིན་གཞོན་པ་གསར་པ་ཆགས་ཀྱི་ཡོད་འདུག ལིད་ཆིན-ཌེ་ནི་ད་ལྟར་ཐེ་ཝན་གྱི་སྲིད་འཛིན་གཞོན་པ་དང་སྲིད་འཛིན་ཚད་དབྱིང་ཝེན་དང་བསམ་བློ་མཐུན་པའི་མི་དང་རྒྱ་ནག་ལ་ཁ་གཏད་གཅོག་མཁན་གྱི་མི་ཞིག་ཡིན་འདུག

དེ་ཡང་། ཐེ་ཝན་གྱི་འོས་བསྡུ་ཆེན་མོ་ནི་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༨་ནས་ཕྱི་དྲོ་ཆུ་ཚོད་༤་བར་ཡིན་པ་དང་། ཐེ་ཝན་མི་མང་ས་ཡ་༡༩།༥་ཡིས་འོས་བསྡུར་ཐོ་འགོད་བྱས་ཡོད་ཅིང་། འོས་བསྡུའི་གྲུབ་འབྲས་འོས་བླུགས་པའི་ཉིན་དེའི་དགོང་མོར་གསལ་བསྒྲགས་བྱས་འདུག འོས་བསྡུ་འདི་ལས་སྲིད་འཛིན་དང་སྲིད་འཛིན་གཞོན་པ་གྱི་འོས་མི་མ་ཟད། ད་དུང་གྲོས་ཚོགས་འཐུས་མི་༡༡༣་ཀྱང་འོས་འདེམས་བྱེད་ཀྱི་ཡོད་འདུག

ཐེ་ཝན་གྱི་མི་མང་གིས་འོས་དངོས་སུ་༡༩༩༦་ལོར་འགོ་འཛུགས་བྱས་ཡོད་པ་དང་། ཆབ་སྲིད་ཚོགས་པ་ཆེ་ཤོས་གཉིས་ནི་གོ་མིང་ཏང་(Kuomintang)་དང་དམངས་གཙོ་ཡར་རྒྱས་ཚོགས་པ་(Democratic Progressive Party)་གཉིས་ཡིན་འདུག འོན་ཀྱང་། ཕྱི་ལོ་༢༠༡༩་ལོར་ཐེ་ཝན་མི་མང་གི་ཚོགས་པ་(Taiwan People’s Party)ཞེས་པའི་ཆབ་སྲིད་ཚོགས་པ་ཞིག་གསར་འཛུགས་བྱས་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་ནང་དུ་ཚོགས་པ་གསུམ་གྱི་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་འོས་མི་དྲུག་ཡོད་འདུག གཞན་ཡང་གྲོས་ཚོགསའཐུས་མི་གསར་པ་རྣམས་འོས་འདེམས་བྱས་ཡོད་འདུག

ཐེངས་འདིའི་དམངས་གཙོ་ཡར་རྒྱས་ཚོགས་པའི་སྲིད་འཛིན་འོས་མི་ནི་ད་ལྟར་ཐེ་ཝན་གྱི་སྲིད་འཛིན་ཚད་དབྱིང་ཝེན་གྱི་ལས་རོགས་སྲིད་འཛིན་གཞོན་པ་ཝི་ལིམ-ལིད་་ཡང་ན་ལིད་ཆིན་ཌི་(William Lai, or Lai Ching-te)་ཞེས་པ་ཡིན་པ་དང་། ཁོང་ཕྱི་ལོ་༡༩༩༦་ནས་ཆབ་སྲིད་ནང་དུ་ཞུགས་ཡོད་པ་དང་ཆབ་སྲིད་ཀྱི་ཉམས་མྱོང་མི་དམན་པ་ཞིག་ཡོད་པ་དང་རྒྱུན་དུ་ཐེ་ཝན་རང་དབང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་དང་རྒྱ་གཞུང་གིས་ཁོང་ལ་ཁ་བྲལ་རིག་ལུགས་པ་ཞེས་བརྗོད་ཀྱི་ཡོད་པར་བརྒྱུད་ལམ་ཁག་ནས་གསལ་འདུག ད་ལྟར་རང་ལོ་༦༤་ཡིན་འདུག

ཁོང་གི་ལས་རོགས་སམ་སྲིད་འཛིན་གཞོན་པ་ནི་བུད་མེད་ཞིག་ཡིན་པ་དང་། ཁོང་མོའི་མིང་ལ་ཤིའུ་བྷི་-ཁིམ་(Hsiao Bi-khim)་ཟེར་གྱི་ཡོད་པ་དང་། ད་ལྟར་རང་ལོ་༥༢་ཡིན་འདུག ཁོང་མོ་ནི་དེ་སྔོན་ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་གནང་མྱོང་ཡོད་པ་དང་། སྲིད་འཛིན་ཚད་དབྱིང་ཝེན་དང་མཉམ་དུ་ལས་ཀ་བྱས་ནས་ཐེ་ཝན་དེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ལ་མིང་འཇོག་མཁན་ཐུབ་མཁན་ཞིག་ཡིན་འདུག་པ་དང་། རྒྱ་གཞུང་གིས་ཁོང་མོའི་མིང་མིང་ཐོ་ནག་པོ་ནང་དུ་བླུགས་ཡོད་འདུག

ཐེ་ཝན་གྱི་འོས་བསྡུ་སྔོན་གྱི་ཉིན་དང་འོས་བསྡུ་དངོས་གཞི་སྐབས་སུ་རྒྱ་ནག་གིས་ཐེ་ཝན་མཁའ་དབྱིངས་སུ་གནམ་གྲུ་དང་སྒང་ཕུག་བཏང་ཡོད་པ་དང་རྒྱ་ནག་གི་མཚོ་གྲུ་དྲུག་ཐེ་ཝན་གྱི་མཚོ་གླིང་ཐོག་བཏང་ཡོད་སྐོར་བརྒྱུད་ལམ་ཁག་ནས་གསལ་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།